འཇིག་རྟེན་ནགས་ཚལ་འདྲ་བའི་ཁོར་ཡུག་གི་ནང་ན། །
འདྲ་མིན་སྐྱེ་ཤིང་བན་བུན་རི་ལུང་ཀུན་ཁྱབ་ཀྱང་། །
གཡུ་སྦྲང་གཞོན་ནུ་འཁོར་ས་སྟོབས་ལྡན་གྱི་ཧ་ལོ། །
ཡེ་ནས་མ་བཅོས་རྟེན་འབྲེལ་རང་འགྲིག་ཏུ་ཡོད་འདྲ། །
ལས་ཀྱིས་འདུས་པའི་ཕ་ཡུལ་ཉེ་དུ་དང་འགྲོགས་ཏེ། །
མཐུན་པའི་འཚོ་བ་སུམ་རྩེན་དགའ་བདེ་ལ་རེ་ཡང་། །
སྐྱིད་དུས་རིང་དུ་གཏོང་བའི་ཐབས་ལམ་ཞིག་མེད་ཅིང་། །
སྡུག་དུས་ཐུང་དུ་གཏོང་ཐབས་དེ་བས་ཀྱང་ཅི་མཆིས། །
མ་ཤེས་འཇིག་རྟེན་དགྲ་གཉེན་སྣ་མང་གི་དབུས་ན། །
ཁྱོད་དང་ང་ཞེས་དབྱེ་བའི་འཐབ་རྩོད་མང་བྱེད་ཀྱང་། །
དོན་གྱི་ཡིན་ལུགས་ཚུལ་ལ་མནོ་བསམ་ཞིག་བཏང་ན། །
ཐམས་ཅད་རང་སེམས་རྣམ་རྟོག་ཆོ་འཕྲུལ་རང་འདྲ་བྱུང་། །
རིང་རིང་སྐད་ཀྱིས་བོས་ཀྱང་མི་ཐོས་པའི་གཉེན་དང་། །
རིག་རིག་གམ་དུ་ཡོད་པའི་ཁྱིམ་མཚེས་ཀྱི་དགྲ་གཉིས། །
རང་ལ་དཀའ་སྡུག་འཕྲད་དུས་སུ་ཞིག་གིས་སྐྱོབ་མིན། །
ད་ལྟ་མནོ་བསམ་བཏང་ན་ཤེས་ཚོད་དུ་གྱུར་འདུག །
ཁྲི་འབུམ་འདུར་རྒྱུག་བྱེད་སའི་གྲོང་ཁྱེར་གྱི་ནང་དུ། །
གྲོགས་མེད་གཅིག་པུར་འགྲོ་དུས་ཐག་རིང་གི་སྤུན་ཟླ། །
བརྩེ་བ་རི་ལས་མཐོ་ཡང་ཕན་ཆེན་རང་མི་ཐོགས། །
དེ་དུས་འཛུམ་ཆུང་ངོ་དགས་གཞན་ངོ་ཞིག་བསུ་རན། །
མང་མང་རྩི་ཏོག་འདྲ་བའི་མི་ཚོགས་ལ་བསམ་ན། །
ཚེ་སྔོན་ཕ་མ་སྤུན་ཟླའི་ལས་འབྲེལ་ཞིག་ཡོད་ཀྱང་། །
ད་ལྟ་ངོ་ཤེས་མེད་པར་གཞན་ཕྱོགས་སུ་འཛིན་མོད། །
ཐམས་ཅད་ལས་ཀྱིས་འདུས་པ་ཁོ་ཐག་རང་ཆོད་སོང་། །
བདག་ལ་དྲིན་གྱིས་སྐྱོང་མཁན་ཕ་མ་དང་སྤུན་ཟླ། །
སེམས་ངོ་ལུས་ངག་སྒོ་ནས་འབྲེལ་ཐོགས་འདི་ཡིན་མོད། །
འདི་མིན་ཚེ་སྔོན་འཇིག་རྟེན་ག་གེ་མོ་ཞིག་ཏུ། །
དཀར་ནག་ལས་ཀྱིས་འབྲེལ་བ་དམ་ཟབ་ཏུ་ཡོད་ངེས། །
འཇིག་རྟེན་ཚོང་འདུས་འདྲ་བའི་ཁྲོམ་ལམ་གྱི་ནང་དུ། །
མཚན་ཐུན་རྨི་ལམ་འདྲ་བའི་སྐྱིད་སྡུག་གི་འཚོ་བ། །
ཐོབ་ཤོར་སྒྱུ་མ་འདྲ་བར་མནོ་བསམ་ཞིག་བཏང་ན། །
ང་ཚོ་འཁྲབ་སྟོན་མི་སྣའི་བཞུགས་གྲལ་དུ་ཡོད་འདུག །
སྣ་མང་འཁྲབ་སྟོན་བྱེད་དགོས་གཞན་ངོ་ཡིས་བསླུས་ཀྱང་། །
རང་ཚུགས་རང་གིས་བཟུང་བ་སྙིང་གཏམ་གྱི་དྭངས་མ། །
དོན་གྱི་ཡིན་ལུགས་སྟོང་པའི་རང་བཞིན་ཉིད་ཡིན་ཡང་། །
ཀུན་རྫོབ་འཇིག་རྟེན་བསྟུན་པ་དམ་པ་འགའ་ཡིས་གསུངས། །
མཛའ་ཡང་དགའ་ཚོད་ཟིན་པའི་རང་ཚུགས་ལ་སློབ་ཅིང་། །
འཁོན་ཡང་གཞན་སེམས་དཀྲུག་པའི་བྱ་ངན་དེ་མི་བྱ། །
མདོར་ན་ཡིན་ལུགས་ཤེས་པའི་བློ་སྣ་ཞིག་བཟུང་སྟེ། །
བཏང་སྙོམས་དབུ་མའི་ལམ་ནས་མི་ཚེ་ཞིག་སྐྱེལ་རན། །
ཕྱོགས་རིས་བསམ་པའི་རྣམ་རྟོག་མེ་ནང་དུ་སྤུར་ནས། །
ཐམས་ཅད་གྲོགས་སུ་ཤེས་པའི་བློ་གྲོས་ཤིག་བཟུང་སྟེ། །
ཉེ་འབྲེལ་ཡོད་རྒུར་དགའ་བའི་འཛུམ་ཆུང་ཞིག་སྟོན་ཞིང་། །
འཇིག་རྟེན་འཚོ་བའི་ལམ་ཆུང་རང་ཐག་གིས་འཚོལ་རན། །
བཙལ་ཡང་རྙེད་ཐབས་མེད་པའི་འཁོར་འདས་ཀྱི་གསང་བ། །
མ་རྙེད་རྙེད་པར་བརྩི་བའི་ཉམས་ལེན་ཞིག་ཤེས་ན། །
མ་དག་སྣང་བའི་ཚོགས་ལ་བསྟུན་ཐབས་ཙམ་བྱས་ཏེ། །
ཡིན་ལུགས་དགའ་བའི་གླིང་དུ་ངམ་ཤུགས་ཀྱིས་སླེབས་ངེས། །
点赞
收藏