དགའ་ཡང་དགའ་བྱུང་།
དལ་བ་དལ་བུའི་སྨུག་པ་ལང་མ་ལིང་དུ་གཡོ་ཞིང་བག་ཕེབས་ངང་འབོལ་ཤིག་གེར། ཡང་སེང་ངེར།
སྐྱིད་ཀྱང་སྐྱིད་བྱུང་།
ཟ་མེ་ཟིམ་གྱི་ཆར་པ་སིམ་སིམ་དུ་བབས་ནས་ལྷོད་ཤིག་གེར། ཁུ་སེམ་མེར།
སྤྲོ་ཡང་སྤྲོ་ཡང་བྱུང་།
ཐལ་སྐྱ་འཚུབ་པའི་འཛིན་མས་ངོ་སྣུམ་བྱུག་པ་བཞིན་སྣུམ་ཤིག་གེར། འོད་ཐིང་ངེར། འཇམ་ཐིང་ངེར།
དགའ་ཡང་དགའ་བྱུང་།
ཆར་ཐིགས་ཀྱིས་འཛིན་མར་སིམ་ཐེངས་རེར།
ས་གཞི་ཡང་སྣུམ་ཤིག་གེར་གྱུར་བཞིན།
འཛུམ་ཤིག་གེར་སྨུག་པ་དང་འཐམ་འཁྱུད་བྱས།
མདོར་ན། གཅིག་གིས་གཅིག་ལ་བརྩེ་བ་འབྱིན་པར་བྱེད།
སྐྱིད་ཀྱང་སྐྱིད་བྱུང་།
མཚམས་འདིར།
ཨ་ཕའི་ཕྱག་ཟུང་དྲོན་མོར་འཇུས་ནས་ཡོད་པའི།
འཛུམ་དམུལ་དམུལ་གྱི་ཆར་ཤོད་ཀྱི་བྱིས་པ་ལུག་རྫི་དེ་དྲན་འོང་།
སྤྲོ་ཡང་སྤྲོ་ཡང་བྱུང་།
སྐབས་འདིར།
ཨ་མའི་པང་གདན་གྱི་འོག་ན་གབ་ནས།
ལུ་གུ་ཕང་བར་བཟུང་སྟེ་རྫི་གླུ་ལ་རྣ་བ་བླགས་ནས་འདུག་པའི་བྱིས་པ་ལུག་རྫི་དེ་ཡང་དྲན་འོང་།
མདོར་ན། གཅིག་གི་དུང་བ་གཅིག་ལ་སྦྱིན་པར་བྱེད་པའི་ཕ་མ་བུ་གསུམ་དེ་དྲན་པས།
ཆར་སིམ་སིམ་འདིར། དྲན་ལྷང་ལྷང་ཨང་།
དེས་ན་དགའ་ཡང་དགའ་བྱུང་། སྐྱིད་ཀྱང་སྐྱིད་བྱུང་།
点赞
收藏