首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > རྩོམ་རིག

༄༅། ། བདག་སེམས་དམར་པོ། དབྱུག་སྲས་ཀྱིས།

2024-11-27 11:28:14

作者

评论
0

ཟག་མེད་ལང་ཚོའི་དཔལ་གྱིས་རབ་ཕྱུག་ཅིང་། །

ཡོན་ཏན་མ་ལུས་རྫོགས་པའི་གཏེར་བདག་མ། །

ཆགས་པའི་འགྲོ་བར་བདེ་བའི་དཔལ་སྟེར་མ། །

འཆད་རྩོད་རྩོམ་པའི་དངོས་གྲུབ་སྩོལ་ལ་རན། །


ཕོ་ལོ་ཉེར་བདུན་ཁེར་རྐྱང་གོམ་པས་གཞལ། །

རེ་དོགས་འདྲེས་མའི་རོལ་མོ་དཀྲོལ་ནས་ལོན། །

མི་ཚེ་རིང་ཐུང་དགའ་སྐྱོས་འཇལ་ནས་ཡོང་། །

སྐྱིད་སྡུག་མ་ངེས་ལས་ཀྱི་འཕྲང་འདི་དོག །


ཡོད་ན་ཤོར་བར་དོགས་པའི་འཛིན་པ་དང་། །

མེད་ན་འཐོབ་པར་འདོད་པའི་ཞེན་པ་གཉིས། །

སེམས་ཀྱིས་མཐིལ་དུ་འགལ་འདུའི་འཁོར་ལོ་བསྐོར། །

ལྷིང་འཇགས་བོར་བའི་འཚོ་བ་ངུ་མ་དགོད། །


ཉམས་ཆུང་སྟོབས་མེད་ས་ཁའི་གྲོག་བུ་ལ། །

ཕྲག་དོག་ཚེར་མས་གང་ནས་འབིགས་པར་བྱས། །

ཚེ་མ་ཟད་ཀྱིས་གསོན་པོར་གནས་གྱུར་ཀྱང་། །

སྙིང་ཤ་རྨ་ཁས་བརླམས་པའི་དུམ་བུར་འཁྱར། །


སྐྱོ་གདུང་མེ་ལྕེ་རྦ་རླབས་རླུང་བུས་འཁྱེར། །

སེམས་ཀྱི་གཞི་མ་ཐལ་བས་རྡུལ་དུ་བཏང་། །

བདག་ནི་ད་ལྟ་གྲོགས་མེད་ཁེར་རྐྱང་ཞིག །

རྒྱུད་སྐུད་ཆད་པའི་པི་ཝང་ཕན་མེད་ཉིད། །


སྨྱུག་རྩེའི་བྲོ་གར་འཁྲབ་ན་གྲོགས་ལ་ཕོག །

གཞན་ཕན་སློབ་གསོ་བཏང་ན་སྡང་མིག་གཡོ། །

དྲང་བདེན་གནས་ལུགས་འདྲེན་ན་གཞན་མི་མགུ། །

མཐའ་བྲལ་མི་ཚེའི་ལམ་ཞིག་གང་ནས་རྙེད། །


མི་ཧྲེང་ཤོང་སའི་ཁང་ཆུང་ཟུར་བཞིའི་ནང་། །

གཅིག་པུར་སྐྱོ་བ་འབུམ་གྱིས་རབ་མྱོས་ཤིང་། །

སྐྱོ་གདུང་ཤོད་ས་དབྱངས་ཅན་མཛའ་མོ་ལས། །

བརྩེ་སེམས་མངར་མོས་སྐྱོང་མཁན་སུ་ཞིག་ཡོད། །


点赞

收藏

评论
已输入0
全部评论
加载更多评论