གྲིབ་འོག་གི་ལྗོན་པ།
མིག་འོག་ནས་རང་མདངས་ཡལ་སོང་།
འཁྱག་རླུང་གིས་བསྡམས་པའི་ནམ་ཟླ།
ངས། ཁྱོད་ལ་ཅི་ཞིག་བརྗོད་འདོད་ཀྱང་།
མགྲིན་པ་བརྣངས་བའི་དུས་ཚོད་ཀྱི་ཐག་སྒྲ་དེས།
ང་གཉིས་རང་དབང་གི་སྒོ་འཕར་གཏན་སོང་།
ས་གཞིའི་རང་ཚུགས་ཤོར་རྗེས།
གྲང་ངར་གྱི་ལང་ཚོ་ཤེད་ཀྱིས་སྨིན་པས།
ཡུལ་འདིའི་ངོ་གདོང་རྩམ་སྐྱ་ཞིག་ལྟར་སྣུམ་བག་མི་འདུག
ནམ་མཁའ་གཉོམ་ཕྲིག
ཉི་འོད་ལ་བཙའ་ཆགས།
སྤྲིན་པ་གོ་རིམ་མེད་པར་རང་དགར་བཞུད།
ལོ་འདབ་ཀྱི་ཚེ་སྲོག་ཆད་སླ་བའི་དུས་ཚིགས་ཤིག
ཁ་བ་འཇིག་རྟེན་དུ་ཐོན་པ་ནས་བཟུང་།
མི་ཚོས་མེ་འོད་ཀྱི་མདུན་ནས་རང་ཉིད་ཅི་ཡང་མིན་པ་ཤེས།
ཐང་ཆད་པའི་མི་ཞིག་གཉིད་རན་པའི་དུས།
དཀར་ལ་གསལ་བའི་གློག་འོད་ངོགས་ནས།
འབུ་སྦྲང་འགས་འཚོ་བའི་ཆེད་རང་སྲོག་བློས་བཏང་བ་མཐོང་།
ཞོགས་པ་མལ་ལས་སད་དུས།
ཁོ་ཚོའི་སྙིང་སྟོབས་ལ་ཡིད་རངས་ཞུས་ཏེ།
སྙན་ངག་ཞིག་གིས་རྒྱང་ལ་མིག་སྐྱེལ་བྱས།
点赞
收藏