首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > རྩོམ་རིག

༄༅། ། མགུར་མ་སྣེ་རིང་། ཁམས་པ་རབ་དབྱངས་ཀྱིས།

2024-11-27 11:28:46

作者

评论
0

རི་བོ་གངས་དཀར་ཏེ་སེ། །

རི་རྩེ་ཉི་འོད་བརྒྱན་པས། །

མིག་ཟུང་དེ་ལ་ཤོར་ནས། །

གངས་ཀྱི་མི་ཞིག་དྲན་པ། །


ཡར་ཀླུང་གཙང་པོ་ཡོམ་ཡོམ། །

རླབས་རྒྱུན་མཚོ་མོ་ཡོམ་ཡོམ། །

ཡུན་རིང་བསྐུར་བའི་འཕྲིན་དེ། །

ཡར་ཀླུང་གཞུང་ལ་ཨེ་འབྱོར། །


སེམས་པ་རི་ལ་བཀུག་ཚེ། །

རི་ཆེན་གངས་ཀྱི་བཟུང་བ། །

ཁྱེད་རང་སྤྲིན་ལ་སྤྲུལ་ཏེ། །

ང་ཡི་ཕྱོགས་སུ་འཁོར་ཤོག །

སྙན་ངག་བཞུར་སྒྲ་ཤག་ཤག །

ས་ཕྱོགས་གང་ལ་བཞུར་སོང་། །

སྐྱོ་བ་ཐུགས་སུ་ཡོད་ན། །

བཞུར་སྒྲ་དེར་ཕྱོགས་ཁྱེར་རོགས། །


འཕྱོངས་རྒྱས་ཟླ་བ་སྒྲོལ་མའི། །

འཛུམ་པའི་ཞལ་རས་བསམ་སྟེ། །

གཙང་ཆུ་སྔོན་མོའི་རླབས་རྒྱུན། །

འཕྱོངས་རྒྱས་ཡུལ་དུ་བབས་སོང་། །


རླུང་བུ་ཤུར་ཤུར་མ་ལྡང་། །

ལྗོན་པའི་ལོ་འདབ་འཐོར་འགྲོ། །

ལྗོན་པའི་ལོ་འདབ་སྙེ་མ། །

གང་སར་འཐོར་ན་མི་རུང་། །

དཔྱིད་ཀྱི་ཆར་བཞུད་ཟིམ་བུ། །

མི་སེམས་སྤང་དུ་སིམས་སོང་། །

འཕྱོངས་རྒྱས་སྒྲོལ་མའི་སྙིང་གཏམ། །

སེམས་ཀྱི་གཏིང་ལ་སིམས་སོང་། །


སྤྲིན་སྣེ་རླུང་གི་དེད་ནས། །

གླིང་བཞི་མཐའ་ལ་འཁྲིགས་ཀྱང་། །

ཡིད་ཀྱི་དམ་ཚིག་རི་མོ། །

རང་སོར་ནོར་བ་དཔེ་མེད། །

མི་ཚེའི་སྣང་བ་ཟེར་བ། །

མཚོ་ཆེན་རྒྱལ་མོ་ཡིན་འདུག །

ང་དང་ཆུང་འདྲིས་བྱམས་པ། །

མཚོ་དེའི་གསེར་ཉ་ཡིན་པ། །


མི་དེ་གངས་ལས་མ་སྐྱེས། །

གླིང་ཡུལ་སྟོད་ནས་འཁྲུངས་སོང་། །

མགུར་དེ་ཚངས་པས་མ་དྲངས། །

འཕྱོངས་རྒྱས་ཡུལ་ནས་བཞེངས་སོང་། །


རི་མཐའ་སྨུག་པས་བཟུང་ཡང་། །

སེམས་པ་སྐྱོ་སྐྱོ་མ་གནང་། །

སྨུག་པ་གནམ་ལ་འཁོར་རྗེས། །

ཐུག་འཕྲད་ཡོང་བ་ཞུས་ཆོག ། 

ཨ་སྔོན་གནམ་གྱི་དབྱིངས་སུ། །

སྤྲིན་དཀར་ལང་ངེ་ལོང་ངེ་། །

ལས་སྐལ་བོར་བའི་མི་དེ། །

དྲན་པའི་གསལ་འདེབས་བྱས་བྱུང་། །


ཆུ་དེའི་བཞུར་རྒྱུན་མ་བལྟས། །

གཙང་ཆུ་ཨེ་ཡིན་བལྟས་ཡོད། །

རི་དེའི་མཛེས་སྡུག་མ་བལྟས། །

བླ་རི་ཨེ་ཡིན་བལྟས་ཡོད། །


དྲན་སེམས་སྣང་བ་ཁྲ་ཁྲ། །

ཆུ་མོ་ཆུ་རིས་ཤིག་ཤིག །

དྲན་ན་ཡིད་ཐང་ཤོར་ས། །

མཚོ་མོ་སྤང་ལ་བཞད་སོང་། །


点赞

收藏

评论
已输入0
全部评论
加载更多评论