首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > རྩོམ་རིག

༄༅། ། ང་དང་ཆང་མ། རྡོ་རྗེ་ཐར་ལམ་གྱིས།

2024-12-12 11:27:32

作者

评论
0

འདུ་ཁང་གློག་འོད་མཛེས་ལ། །

སྲས་མོ་རྣམ་པ་ལེགས་པ། །

ཆང་ཁང་འདི་ཡི་ནང་ནས། །

མཚན་མོ་བསྐྱལ་ན་འདོད་པ། །


ཆང་འདི་ནས་ཆང་ཁམ་པ། །

མངར་སྐྱུར་འདྲེས་མས་གྲུབ་ཡོད། །

བཟི་ཁ་བཙན་དང་མི་བཙན། །

རྣམ་ཤེས་ནམ་མཁར་བསྐྱལ་བྱུང་། །


ཆང་མ་མ་བཟང་བུ་མོ། །

རྒྱུ་རྔམས་མེ་ལས་ཚ་བ། །

ཆང་དེ་ནས་ཆང་ཁམས་པ། །

རྒྱུ་རྫས་ཕབ་ཀྱིས་བསྙལ་བ། །


ཆང་མའི་རྣམ་འགྱུར་ལེགས་པ། །

རྒྱུ་དང་ནོར་ལ་ཞེན་སོང་། །

བཟི་ནས་རྣམ་ཤེས་བོར་དུས། །

ཆང་མའི་རང་མདོག་མངོན་ཡོང་། །


གྲོགས་དང་སྤུན་ཟླའི་མཛའ་བརྩེ། །

བཟི་ལྡན་ཆང་གིས་བསླུས་ན། །

དམ་ཚིག་རྡོ་ཐོག་རི་མོ། །

དོན་མེད་གས་ཆག་ཤོར་འགྲོ། །


ཅོལ་ཆུང་དེང་རབས་གཞོན་ནུ། །

ཆང་ཁང་ནང་ལ་མ་ཕེབས། །

ལང་ཚོའི་རིན་ཐང་ཡལ་ན། །

དུས་ཚོད་ཕྱིར་བསྣུར་མི་བྱ། །


བཟི་ཆེན་ཆང་གི་བྲོ་བ། །

ཆང་ཁང་ནང་ནས་མྱང་ན། །

ཆང་ཁང་ནང་གི་སྲས་མོའི། །

བརྩེ་བའི་འཇའ་གཟུཌ་མངོན་ཡོང་། །


སྒོར་མོའི་ཆེད་དུ་བཞེངས་པའི། །

ཆང་ཁང་སྲས་མོའི་བརྩེ་སེམས། །

ཆང་ཁང་གྲུ་བཞི་འདི་ཡི། །

སྒོ་རའི་ཕྱི་ནང་ཙམ་རེད། །


ཆང་ལ་བདུད་རྩི་ཟེར་བ། །

ཆང་མས་གསོལ་བའི་མཚན་རེད། །

ཆང་མ་མཁའ་འགྲོ་ཟེར་བ། །

ཆང་འཐུང་རྒན་པོའི་ཚིག་རེད། །


ཉེས་ཆེན་ཆང་གིས་བཟི་ན། །

བརྩེ་ཆེན་དགའ་ལོ་བྲལ་འགྲོ། །

བསླུ་བྲིད་ཆང་མས་གནང་ན། །

ལང་ཚོའི་མེ་ཏོག་ཡལ་འགྲོ། །

ང་དང་ཆང་མའི་ཁ་ཆད། །

ཆང་ཁང་འདི་ལས་མེད་ཀྱང་། །

ང་གཉིས་འདི་རུ་འཛོམས་པ། །

ཆང་ལ་དགའ་བས་ལན་སོང་། །


ཆང་མའི་རྣམ་ཤེས་ཕྲ་མོ། །

ནོམ་ཆེན་རྒྱུ་ཡིས་བསླུས་སོང་། །

མི་ཚེའི་རིན་ཐང་ཟེར་བ། །

ཆང་ཁང་ཁ་ནས་ཡལ་སོང་། །


ཆང་མར་ཆགས་པའི་བརྩེ་སེམས། །

རང་ཉིད་བསླུ་བྲིད་ཙམ་རེད། །

སྒོར་མོའི་ཟམ་པ་མེད་ན། །

ཆང་མའི་ཟུར་མིག་མི་འཕེན། །


ཆང་མ་ཁྱོད་དང་ང་གཉིས། །

ལས་འཕྲོ་ཆང་གིས་བཅད་སོང་། །

ང་རང་ཆང་གིས་བཟི་དུས། །

ཁྱོད་ཀྱིས་བརྩེ་སེམས་ཡལ་སོང་། །


ཆང་མའི་ལང་ཚོའི་མེ་ཏོག །

ཆང་ཁང་ནང་ནས་འཛད་སོང་། །

སྒོར་དང་ནོར་གྱི་ཡོང་སྒོ། །

ཆང་ཁང་འདི་ནས་རྙེད་སོང་། །


ཆང་མ་ཆང་མ་ཟེར་བ། །

བསླུ་བྲིད་མཁས་པོ་མེད་ན། །

སྒོར་མོའི་འཚང་ཁ་རྒྱག་པའི། །

ཡོང་སྒོ་གང་ནས་རྙེད་པ། །


དང་པོ་ཆང་ཞིག་འཐུང་བས། །

མངར་དང་ཞིམ་པའི་སྦྲིད་པ། །

བར་དུ་ཆང་ཞིག་འཐུང་བས། །

སྐྱུར་དང་བསྐ་བས་བཟི་སོང་། །


དང་པོ་ཆང་མ་འཕྲད་པའི། །

འཛུམ་མདངས་མེ་ཏོག་བཞད་འདྲ། །

བར་ནས་ལན་གཅིག་འཕྲད་དུས། །

སེམས་གཏམ་རྫ་ཆུ་བཞུར་སོང་། །


དངུལ་ལོར་གྲངས་ཀ་རྫོགས་པ། །

ཆང་མའི་ཐུགས་ཀྱིས་མཁྱེན་ན། །

ཆང་གྲོགས་ང་དང་ཁྱོད་ཚོ། །

ཞེ་འདང་ཆང་ཕོར་ཙམ་རེད། །


ཆང་འཐུང་ང་དང་ཁྱོད་རང་། །

དམ་ཚིག་མདུད་པ་གྲོལ་སོང་། །

ད་ནི་ཆང་དང་ཆང་མ། །

སྣང་བའི་དཀྱིལ་ནས་ཡལ་སོང་། །


点赞

收藏

评论
已输入0
全部评论
加载更多评论