首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > རྩོམ་རིག

༄༅། ། ང་རང་ཕྱོགས་ལ་ཐོན་ཉིན། སྨིན་རུང་འབྲས་བུས།

2024-12-12 11:27:57

作者

评论
0

འཚོ་བའི་མཁོ་ཆས་རྡོག་ཁྲེས་ནང་དུ་བཅུག །

འཇམ་ལྡན་མལ་ཆས་གྲུ་བཞི་ལྷམ་མེར་བརྩེགས། །

སྨོན་ཚིག་རེ་བའི་དམིགས་པ་རྒྱང་ལ་གཏད། །

ཁོ་བོ་ཕྱོགས་ལ་ཐོན་པའི་སྔོན་འགྲོ་ཡིན། །


རྡོག་ཁྲེས་གྲུ་བཞི་ཕྲག་པར་བཀལ་བྱེད་ཅིང་། །

ཕྱི་མིག་ཟུར་ནས་འགྲོ་ཆས་ལེགས་གྲུབ་སྟེ། །

ཁང་ཆུང་གྲུ་བཞིར་སྒོ་དང་སྒོ་ལྕགས་བརྒྱབ། །

ཁོ་བོ་ལམ་དུ་ཞུགས་པའི་སྦྱོར་བ་ཡིན། །


ཕ་མ་རྒད་པོས་ལམ་ལྷོངས་སྨོན་ཚིག་འདེབས། །

ཉེ་འབྲེལ་སྤུན་ཟླས་སྐྱེལ་མའི་ཇ་ཆང་འདྲེན། །

གྲོགས་པོ་ཕུ་ནུས་དམ་ཚིག་ཁ་བཏགས་བསྒྲོན། །

ཁོ་བོ་ཕྱོགས་ལ་ཐོན་པའི་དངོས་གཞི་ཡིན། །


རླངས་འཁོར་དུང་སྒྲ་ལྷང་ལྷང་སྒྲོག་དང་ལྷན། །

ཁ་བཏགས་དཀར་པོའི་གསེབ་ནས་ལམ་དུ་ཞུགས། །

སྨོན་ཚིག་འཕྲེང་བ་འདྲེན་པའི་ང་དང་ཁྱེད། །

གོམ་སྟབས་སོ་སོར་བསྒྱུར་བའི་ལས་དེ་སྐྱོ། །


ལམ་ཟུར་ཀྱོག་མཚམས་རེ་ནས་ཕྱི་མིག་རེ། །

སྔར་སོང་བྱ་བའི་ལས་ལམ་ཡིད་ལ་འཁྲེང་། །

རླུང་རྟས་ལ་བཙས་གསོལ་དུས་མིད་པ་བརྣངས། །

ཁོ་བོ་ལམ་བུར་བགྲོད་པའི་ངང་ཚུལ་ཡིན། །


གཞུང་ལམ་ཀྱོག་མཚམས་རེ་ནས་བསམ་གཞིགས་རེ། །

གུག་ཆ་སྐོར་ཐེངས་རེ་ནས་དྲན་སེམས་རེ། །

ལ་ལུང་རྒྱང་སྐྱོད་ས་ནས་ཕྱིར་འདང་རེ། །

འདུ་འབྲལ་ཆོས་ཉིད་བཙན་པོ་ཡིད་ལ་གཟན། །


ལང་ཚོའི་འདབ་མ་ལོ་ཟླའི་ཕྲག་ལ་བཀལ། །

འདུན་པས་རེ་ཞགས་སྙིང་གི་ནང་དུ་བསྟིམས། །

ཐག་རིང་གཞན་ཡུལ་འགྲིམ་པའི་དགོས་པ་དེ། །

ཡིད་སེམས་སྙིང་ནས་བརྗེད་ཐབས་བྲལ་བར་གྱུར། །


སྐྱིད་པའི་རང་ཡུལ་བྱམས་པའི་ཕ་མ་སོགས། །

དྲན་ཡང་བོར་ནས་རྒྱང་ལ་འགྲོ་དགོས་པའི། །

འདུན་པའི་རེ་བ་ཡིད་ལ་བརྣགས་པའི་དོན། །

ལོ་མང་འབད་པའི་ཀློང་ནས་འབྲས་བུ་བཙལ། །


གཞན་ཡུལ་ཉི་གྲིབ་འདྲེས་པའི་ས་མཐའ་རུ། །

ལོ་དང་ཟླ་བ་གཉིས་ཀྱིས་རྒྱབ་ནས་དེད། །

ཞག་དང་དུས་ཚོད་གཉིས་ཀྱིས་མདུན་ནས་བསུས། །

ཁོ་བོའི་མི་ཚེ་དགོང་ཁའི་གྲིབ་སོ་འདྲ། །


ཞོགས་པའི་སྐྱ་མདའ་སྔ་མོའི་དཔེ་རུ་བཞག །

མཚན་མོའི་མུན་ནག་ཕྱི་མོའི་དོན་དུ་སླང་། །

ལྕོགས་ཚོད་ལས་ལ་བཀོལ་བའི་ལུས་ངག་སེམས། །

ད་ནི་རྒད་པོའི་སྣང་བས་བསུ་མ་སླེབས། །


མི་སྡོད་དུས་ཀྱིས་བཅོམས་པའི་ལང་ཚོའི་དཔལ། །

སྟོན་ཁའི་མེ་ཏོག་བ་མོས་བཅོམས་དང་མཚུངས། །

མི་རྟག་བདུད་ཀྱིས་ཟོས་པའི་སྔར་སོང་ལ། །

དྲན་པའི་ཀློང་ན་སྐྱོ་གདུང་སྤྲིན་ཕུང་འཁྲིགས། །


ད་ནི་རང་ཡུལ་དྲན་པའི་གདུང་བ་ཡིས། །

མི་ཚེའི་རིན་ཐང་སེམས་ཀྱི་བག་ལ་གཞའ། །

གོམ་གང་སྤོ་མཚམས་བཞག་སྟེ་རང་ཡུལ་ཕྱོགས། །

དྲན་པའི་མིག་ཟུང་ཨ་བལྟས་ཡང་བལྟས་ཤོར། །


ཕ་མ་རྒན་རྒོན་སྐུ་ཚེ་ཟིན་པའི་དུས། །

སྙན་པའི་གཏམ་དང་གུས་པའི་རྣམ་འགྱུར་དང་། །

ཟས་གོས་དོན་ཆུང་སྒྲུབ་པའི་བསམ་པ་ཡིས། །

རེ་བའི་གཏད་སོ་ཡོད་ཚད་ཁྱེད་ལ་ཕྱོགས། །


点赞

收藏

评论
已输入0
全部评论
加载更多评论