首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > 新闻轮播图

ཕ་གཞིས་ཀྱི་གཡང་ཞིང་གྲུ་བཞི། ལས་གཏོད་ཀྱི་ནོར་གཞོང་གྲུ་བཞི།

2024-08-13 10:19:22

作者

ཚེ་རིང་རྒྱ་མཚོ།

评论
0




བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་པ་སྣམ་རྫོང་དཔའ་རྩལ་ཤང་བན་ཚང་གྲོང་ཚོར་ལོ་རབས་90པར་སྐྱེས་པའི་སློབ་ཆེན་སློབ་མ་སྐལ་བཟང་དབང་མོས་བྱ་སྤྱོད་དངོས་ཀྱི་ཐོག་ནས་གྲོང་གསེབ་དར་རྒྱས་གཏོང་བའི་བརྗིད་ཆེའི་ལམ་བུའི་ཐོག་རང་ཉིད་ཀྱི་ལང་ཚོའི་སྟོབས་ཤུགས་སྐྱེས་སུ་འབུལ་བཞིན་ཡོད།   

ཅིས་ནན་གྲོང་ཁྱེར་བོད་སྐྱོར་ལས་དོན་གྱི་བློ་སྒོ་འབྱེད་པ་དང་རོགས་སྐྱོར་ཐོབ་པར་བརྟེན་ཁོང་གིས་འདུ་འཛི་ཆེ་ཞིང་དེང་རབས་ཀྱི་ཁོ་ལག་ཡོངས་སུ་རྫོགས་པའི་གྲོང་ཁྱེར་ནང་དུ་ལས་ཞུགས་བྱེད་པའི་གོ་སྐབས་དོར་ནས་རང་ཉིད་ཀྱི་ལྟེ་ཁྲག་འཕོ་སའི་ཕ་ཡུལ་དུ་ལོག་སྟེ་ཕ་མེས་ཀྱི་གཡང་ཞིང་གྲུ་བཞིའི་ཐོག་རང་ཉིད་ཀྱི་གཅེན་མོ་དང་མཉམ་དུ་སྔོ་ཚལ་འདེབས་འཛུགས་ཀྱི་ལས་གཏོད་བྱས་ནས་བན་ཚང་གྲོང་ཚོར་ཐོན་ལས་དར་རྒྱས་དང་། འཚོ་བ་འབྱོར་ཕྱུག ལྟོ་གོས་འཛོམས་པ་བཅས་ཀྱི་གྲོང་གསེབ་གསར་པའི་མཛེས་སྡུག་གཏོད་ཆེད་བློ་རྩེ་ཞིབ་ཏུ་གཏད་བཞིན་ཡོད།    

བན་ཚང་གྲོང་ཚོ་ནི་ཅིས་ནན་གྲོང་ཁྱེར་གྱིས་བོད་སྐྱོར་བྱེད་པའི་སྔོ་ཚལ་འདེབས་འཛུགས་ཀྱི་དཔེ་སྟོན་གྲོང་ཚོ་ཁག་དང་པོ་ཡིན་པའི་ངོས་ནས་སྐལ་བཟང་དབང་མོ་གཅེན་གཅུང་གཉིས་ཀྱི་སྣེ་ཁྲིད་འོག་རོ་བཅུད་ཞིམ་པའི་ཚལ་རིགས་གསར་པ་དང་ཤིང་ཏོག་གསར་པའི་མཛེས་སྡུག་གི་ཁོ་ལག་ཡོངས་སུ་རྒྱས་དང་རྒྱས་བཞིན་པ་ལགས།  

ལག་རྩལ་མི་སྣ་དཀོན་པ་དང་ཚལ་རིགས་བྲིན་ཚོང་དཀའ་བའི་འགྲན་སློང་གི་མདུན་དུ་ཁོང་གཉིས་ཀྱིས་དཀའ་སྤྱད་སྡུག་རུས་ཀྱི་བརྩོན་སེམས་དང་མིག་རྒྱང་ཕུགས་ལ་ཕྱོགས་ནས་འགྱུར་ལྡོག་ཧུར་ཐག་གཏོང་གི་ཡོད། བོད་སྐྱོར་ལས་དོན་ཚོགས་ཆུང་གི་ཤུགས་ཆེའི་རྒྱབ་སྐྱོར་འོག་སྐལ་བཟང་དབང་མོས་སྔོན་ཐོན་གྱི་འདེབས་འཛུགས་ལག་རྩལ་ཁོང་དུ་ཆུད་པ་མ་ཟད། ད་དུང་ཧྲན་ཏུང་སོགས་ས་ཁུལ་དུ་དོ་དམ་གྱི་ཉམས་མྱོང་སློབ་སྦྱོང་བྱེད་པར་བསྐྱོད་ནས་བན་ཚང་གྲོང་ཚོའི་སྔོ་ཚལ་ཐོན་ལས་ལ་གསོན་ཤུགས་གསར་པ་བསྣན་ཡོད། དྲོད་ཁང་འཛུགས་སྐྲུན་དང་། ལག་རྩལ་ནང་འདྲེན། སྣ་ཁ་ལེགས་སུ་གཏོང་བ་བཅས་ལ་སྐུལ་འདེད་བཏང་བ་དང་བསྟུན་ནས་བན་ཚང་གྲོང་ཚོའི་སྔོ་ཚལ་འདེབས་འཛུགས་ཀྱི་གཞི་ཁྱོན་མགྱོགས་མྱུར་ཆེ་རུ་ཕྱིན་ནས་ལུག་གྲོད་ཤ་མོ་དང་། ཤིང་འབྲས་ཁྲེ་ལི་ཙེ། ཧྲེང་མུ་སོགས་ཁྱད་ལྡན་ཞིང་ལས་ཐོན་རྫས་གྲོང་མིའི་ཡོང་འབབ་འཕར་བའི་བཀྲག་མདངས་འཚེར་ས་གསར་པར་གྱུར་པ་མ་ཟད། བན་ཚང་གི་ཤི་ཀྭ་ཡི་སྐད་གྲགས་དེ་བས་ཆེ་བ་དང་སྤུས་རྟགས་ཀྱི་ཕན་འབྲས་མངོན་གསལ་དོད་པོ་ཡོད་པ་རེད། སྐལ་བཟང་དབང་མོས་ད་དུང་དུས་རབས་ཀྱི་གོམ་སྟབས་དང་བསྟུན་ནས་དྲ་རྒྱའི་སྟེགས་བུ་སྤྱད་དེ་ཐོན་རྫས་ཁྱབ་གདལ་གཏོང་བ་དང་ཕྱིར་ཚོང་ཐབས་ལམ་རྒྱ་ཆེར་བཏང་སྟེ་བན་ཚང་གྲོང་ཚོའི་ཤིང་ཏོག་དང་སྔོ་ཚལ་གཞིས་ཀ་རྩེ་ཙམ་མ་ཟད་ཐ་ན་བོད་ལྗོངས་ཀྱི་ས་ཆ་གཞན་དག་ལའང་བྲིན་ཚོང་བྱེད་ཐུབ་པ་བྱུང་ཡོད།  

ད་ཆ་བན་ཚང་གྲོང་ཚོའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་3.7ལས་བརྒལ་ནས་གྲོང་མིའི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད་པ་རེད། སྐལ་བཟང་དབང་མོས་ལས་གཏོད་ལམ་བུའི་ཐོག་ཕ་ཡུལ་ལ་དཔལ་འབྱོར་འཕེལ་རྒྱས་བྱུང་བ་མ་ཟད། གྲོང་མི་ཚོའི་རང་སྟོབས་རང་སྤེལ་དང་ལས་བརྩོན་ཕྱུག་འགྱུར་གྱི་སྤྲོ་སེམས་དེ་བས་འཕེལ་བར་བྱས་ཡོད།  སྐལ་བཟང་དབང་མོའི་ལས་གཏོད་གཏམ་རྒྱུད་དེ་དུས་རབས་གསར་པའི་སློབ་ཆེན་སློབ་ཐོན་སློབ་མས་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པ་དང་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པའི་མིག་ལྟོས་དང་དཔེ་མཚོན་ཞིག་ཏུ་གྱུར་ཡོད།  

དེ་ལྟར་ཅིས་ནན་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་དང་རིགས་གཅིག་མཁས་ཅན་གྱི་རྒྱུན་མཐུད་པའི་རྒྱབ་སྐྱོར་འོག་སྐལ་བཟང་དབང་མོ་དང་བན་ཚང་གྲོང་ཚོའི་མང་ཚོགས་རྣམས་ལག་གདང་སྦྲེལ་ནས་དཀའ་སྤྱད་འབད་འཐབ་ཀྱིས་སྔར་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་མདུན་སྐྱོད་བྱེད་བཞིན་ཡོད། དེ་སྔ་སྲོལ་རྒྱུན་གྱི་འདེབས་འཛུགས་ལ་དབང་བའི་གཡང་ཞིང་དེའི་ཐོག་ད་ཆ་སྔོ་ཚལ་དང་ཤིང་འབྲས་ཀྱི་གཡུར་ཟའི་གྲུབ་འབྲས་ལས་གྲོང་གསེབ་དར་རྒྱས་ཀྱི་མཛེས་སྡུག་ལྡན་པའི་མེ་ཏོག་ཅིག་བཞད་དང་བཞད་མུས་སུ་མཆིས། 

བསྐྱར་ཞུས། འཆི་མེད། 

ཞུ་དག ཚེ་རིང་རྒྱ་མཚོ།  

རྩོམ་སྒྲིག་པ། བཀྲ་ཤིས་ཚེ་རིང་།

སྒྲ་འཇུག ཚེ་སྒྲོན།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།


ཡིག་སྒམ་ཨང་གྲངས།

གལ་སྲིད་ཁྱེད་ལ་ཁུངས་བཙན་གྱི་གསར་འགྱུར་རམ་ཆ་འཕྲིན་ཆོབ་ཚ་པོ་དེ་འདྲ་ཡོད་ཚེ་ང་ཚོར་བསྐུར་རོགས་གནང་།

ང་ཚོའི་ཡིག་སྒམ་ནི་1132875981@qq.comཡིན།

རྩོམ་ཡིག་གཞིས་ཀ་རྩེའི་ཚགས་པར་ལས་ཁུངས་ཀྱི་ཡིག་སྒམ་rkzbszw@163.comལ་བསྐུར་རོགས་གནང་།

点赞

收藏

评论
已输入0
全部评论
加载更多评论
热点推荐