ཚེ་རིང་རྒྱ་མཚོ།
ཟླ་7པའི་ཚེས་8ཉིན། རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་དང་པོའི་ཙུའུ་ཀྲང་གཞོན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཞིང་ལས་ཁོར་ཡུག་རྒྱུ་ནོར་སྲུང་སྐྱོང་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཚེ་ཕུན་གྱིས་པ་སྣམ་རྫོང་དུ་ལྟ་ཞིབ་གནང་བ་རེད། གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་ཕེབས་རོགས་ཞུས་ཡོད་པ་རེད།
ཙུའུ་ཀྲང་གཞོན་པ་ཚེ་ཕུན་དང་བཅས་པས་སྔ་རྗེས་སུ་ཆུ་ནུབ་ཤང་དབང་ཆེན་རྡོ་ཧྲུག་ལས་སྣོན་བཟོ་གྲྭ་དང་། ནོར་ཁྱུང་གྲོང་རྡལ་ནོར་ཁྱུང་གྲོང་ཚོའི་སོ་ཕག་བཟོ་གྲྭ། ལིའང་ཅ་ཚང་ཚོང་འདམ་ས་ཚིགས། སྐྱིད་དར་ཚོང་འདམ་ས་ཚིགས། རྫོང་གྲོང་གི་བཙོག་ཆུ་གཙང་སེལ་བཟོ་གྲྭ། རྫོང་གྲོང་གི་འཚོ་བའི་གད་སྙིགས་སྦས་ས། མྱང་ཆུ་གཙང་པོ་གཙང་འགྲམ་འདམ་ར་པ་སྣམ་རྫོང་གྲོང་དུམ་བུའི་ཆུའི་སྐྱེ་ཁམས་ཉམས་གསོའི་རྣམ་གྲངས་(དུས་ཐེངས་གཉིས་པ་) བོད་ལྗོངས་ཇོ་རི་ཧྭ་ལུའུ་སྐྱེ་ཁམས་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སི། དཔའ་རྩལ་ཤང་བཀྲ་ཤིས་གྲོང་ཚོའི་གཉིས་ཕན་བྱེ་མ་འདོན་ས། རྫོང་གྲོང་གཅིག་སྡུད་རླངས་འཁོར་ཉམས་བཟོའི་ས་ཚིགས། འཛུགས་སྐྲུན་གད་སྙིགས་གནས་སྐབས་སྤུངས་ས་བཅས་སུ་ཕེབས་ནས་ས་ཡུལ་དངོས་སུ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་བ་རེད། ལྟ་ཞིབ་ཚོགས་ཆུང་གིས་རྫོང་ཏང་ཨུད་དང་རྫོང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོ་རེ་ཟུང་དང་གླེང་མོལ་གནང་བ། དཔྱད་གཞིའི་ཡིག་རིགས་ལ་གཟིགས་པ། ས་ཡུལ་དངོས་སུ་ཞིབ་བཤེར་སོགས་ཀྱི་བྱ་ཐབས་བརྒྱུད། ཉེ་བའི་ལོ་གསུམ་རིང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་སྐྱེ་ཁམས་ཉམས་གསོའི་ལས་དོན་སྤེལ་བའི་གནས་ཚུལ་གཙོ་གནད་ཐོག་མཁྱེན་རྟོགས་གནང་སྟེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་ཕན་འབྲས་ལ་གདེང་འཇོག་གནང་བ་རེད།
པར་འདི་ནི་ཚེ་ཕུན་གྱིས་འཚོ་བའི་གད་སྙིགས་སྦས་སར་ལྟ་ཞིབ་གནང་བཞིན་པ།
ཚེ་ཕུན་གྱིས་ནན་བཤད་གནང་དོན། རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་དུ་བཏང་ནས་ལྟ་ཞིབ་དང་ཚུར་ལན་གནད་དོན་དག་ཐེར་ལས་དོན་གྱི་འགན་འཁྲི་འཁུར་སེམས་དང་དགོས་གཏུག་གི་འདུ་ཤེས་ཆེ་རུ་གཏོང་བ། གང་བྱུང་སྔོག་འདོན་དང་འཛུགས་སྐྲུན་གད་སྙིགས་གང་བྱུང་གཡུགས་པ་སོགས་མངོན་གསལ་དོད་པའི་གནད་དོན་ལ་དམ་པོར་དམིགས་ཏེ་ཁྲིམས་ལུགས་ཁྲིམས་སྲོལ་གཞིར་བཟུང་རྒྱུན་རྣམ་ཅན་གྱི་ལྟ་སྐུལ་བྱེད་པ། ཁོར་ཡུག་ལ་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་ཤེས་རྟོགས་བྱུང་བའི་ཁོར་ཡུག་སྦགས་བཙོག་གི་གནད་དོན་ལ་འཕྲལ་མར་འཕྲལ་སྡོམ་ལམ་སྲོལ་ལག་བསྟར་བྱས་ནས་གནད་དོན་ཆུང་ས་ནས་མེད་པ་བཟོས་ཏེ་རྫོང་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་བདེ་འཇགས་འགན་ལེན་བྱེད་དགོས། རྫོང་གྲོང་གི་བཙོག་ཆུ་གཙང་སེལ་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ་དང་། གནད་ལ་འཁེལ་བའི་སྦགས་བཙོག་གཙང་སེལ་དང་ཚན་རིག་དང་མཐུན་པའི་སྦགས་བཙོག་གཙང་སེལ་མཐའ་འཁྱོངས་བྱས་ཏེ་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་དགོས། འབྲེལ་ཡོད་ཁེ་ལས་ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་བསམ་བློ་དང་བྱ་སྤྱོད་ཐད་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་གནད་དོན་དང་མངོན་མེད་རྐྱེན་ངན་ཁྱོན་ཡོངས་ནས་དག་ཐེར་བྱས་ཏེ་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་ཞན་ཆ་སེལ་དགོས།
པར་འདི་ནི་ཚེ་ཕུན་གྱིས་བོད་ལྗོངས་ཇོ་རི་ཧྭ་ལུའུ་སྐྱེ་ཁམས་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིར་ལྟ་ཞིབ་གནང་བཞིན་པ།
ཚེ་ཕུན་གྱིས། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པས་ལས་དོན་ཁྱོན་ཡོངས་ལ་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས་གཏོད་རྒྱུར་ཤུགས་སྣོན་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་གཏན་འཁེལ་བྱས་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་དམིགས་ཚད་ལས་འགན་རྩིས་ཐོ་ཅན་གྱི་དོ་དམ་དང་གཞི་རྟེན་ཅན་དུ་འགྱུར་བའི་སྐུལ་འདེད། རྣམ་གྲངས་ཅན་དུ་འགྱུར་བར་དོན་འཁྱོལ་བཅས་ཀྱི་བླང་བྱ་གཞིར་བཟུང་ལས་དོན་དོན་འཁྱོལ་བྱེད་དགོས། བཀྲོལ་ཐོབ་ཀྱི་བསམ་བློ་དང་ཁྲིམས་སྐྱོང་གི་བསམ་བློ་བརྟན་པོ་བཙུགས་ནས་སྐྱེ་ཁམས་ཐོན་ཁུངས་ཀྱི་ལེགས་ཆ་དེ་པ་སྣམ་གྱི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལེགས་ཆར་བསྒྱུར་ནས་ཐོན་ལས་དར་རྒྱས་དང་སྐྱེ་ཁམས་འཚོ་སྡོད་དང་འཚམ་པ། གྲོང་གསེབ་ཀྱི་དར་སྲོལ་ཡ་རབས་པ། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག་བཅས་གཅིག་གྱུར་དམ་ཚགས་ཡོང་བ་བྱེད་དགོས། ཕྱོགས་ཁག་གི་འགན་འཁྲི་དམ་པོ་བཙིར་བ་དང་གཅིག་ཤེས་ཀུན་གྲོལ་ཡོང་བ། བརྒྱུད་རིམ་ལྡན་པ་བཅས་ཀྱི་དག་ཐེར་རྒྱུན་འཁྱོངས་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་ནུས་པ་དང་ཆུ་ཚད་སྔར་བས་མཐོ་རུ་བཏང་ནས་སེམས་ཤུགས་གཅིག་སྒྲིལ་གྱིས་རྫོང་ཁོངས་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་ཀྱི་མཐའ་ཐིག་སྲུང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
བསྐྱར་ཞུས། འཆི་མེད།
ཞུ་དག ཚེ་རིང་རྒྱ་མཚོ།
རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།
ཡིག་སྒྱུར། ཚེ་རིང་སྒྲོལ་མ།
སྒྲ་འཇུག སྐལ་བཟང་རྒྱལ་མཚན།
ཡོང་ཁུངས། པ་སྣམ་རྫོང་ལྟ་ཞིབ་གཞོགས་འདེགས་གཞུང་ལས་ཁང་།
ཡིག་སྒམ་ཨང་གྲངས།
གལ་སྲིད་ཁྱེད་ལ་ཁུངས་བཙན་གྱི་གསར་འགྱུར་རམ་ཆ་འཕྲིན་ཆོབ་ཚ་པོ་དེ་འདྲ་ཡོད་ཚེ་ང་ཚོར་བསྐུར་རོགས་གནང་།
ང་ཚོའི་ཡིག་སྒམ་ནི་1132875981@qq.comཡིན།
རྩོམ་ཡིག་གཞིས་ཀ་རྩེའི་ཚགས་པར་ལས་ཁུངས་ཀྱི་ཡིག་སྒམ་rkzbszw@163.comལ་བསྐུར་རོགས་གནང་།
点赞
收藏