རྒྱལ་སྤྱིའི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ཉིན་མོ་ཐེངས་༤༢པའི་མཚམས་འདིར། རང་རེའི་གྲོང་ཁྱེར་གྱི་རྫོང་ཆུས་ཁག་གིས་༣·༡༥་རྒྱལ་སྤྱིའི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ཉིན་མོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད། འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་གི་ཤེས་བྱ་དྲིལ་བསྒྲགས་དང་ཁྲོམ་རའི་གསོན་ཤུགས་འཕེལ་བ་བྱས་ནས་སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་ཐོག་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ལས་དོན་ལ་དོ་ཁུར་བྱེད་པའི་རྣམ་པ་བཟང་པོ་ཞིག་བཏོད་ཡོད་པ་རེད།
གྲོང་ཁུལ་དུ་གྲོང་ཁྱེར་དང་བསམ་གྲུབ་རྩེ་ཆུས་རིམ་པ་གཉིས་ཀྱི་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད་ཀྱིས་འགན་ནུས་ཚན་པ་༢༥དང་ཐོན་སྐྱེད་ཁེ་ལས་༩ བཅའ་ཁྲིམས་བློ་འདྲི་བ་བཅས་དང་མཉམ་འབྲེལ་ཐོག ཁྲོམ་རའི་གསོན་ཤུགས་འཕེལ་བ་བྱེད་ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་གཅིག་སྡུད་དྲིལ་བསྒྲགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཡོད་པ་རེད།
བྱེད་སྒོ་སྤེལ་རིང་། ལས་དོན་མི་སྣས་དྲིལ་བསྒྲགས་འགྲེམས་པང་བཞག་པ་དང་དྲིལ་བསྒྲགས་ཀྱི་དཔྱད་གཞིའི་ཡིག་རིགས་སྤྲད་པ། བདེན་རྫུན་དབྱེ་འབྱེད་སྟེགས་བུ་དང་ཚད་འཇལ་ཞིབ་དཔྱད་ངོས་འཛིན་བྱེད་གནས་བཙུགས་པ། ཁྲིམས་སྲོལ་འགྲེལ་བཤད་དང་སྤུས་རྟགས་འགྲེམས་སྟོན་བྱེད་པ། ཁེ་ལས་ཀྱི་རིག་གནས་དྲིལ་བསྒྲགས་བྱེད་པ། ས་གནས་ས་ཐོག་ཏུ་ཞུ་གཏུག་དང་ཐེར་འདོན་གོང་ཞུ་བདག་སྤྲོད་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད། འགྲོ་འོང་བྱེད་མཁན་མང་ཚོགས་ལ་འཛད་སྤྱོད་ཁེ་དབང་སྲུང་སྐྱོང་གི་ཤེས་བྱ་ཁྱབ་གདལ་བཏང་ཡོད་པ་རེད།
ད་ཐེངས་ཀྱི་བྱེད་སྒོའི་ནང་མང་ཚོགས་ལ་རིགས་༤༨ཀྱི་དྲིལ་བསྒྲགས་བརྡ་སྦྱོར་དང་དྲིལ་བསྒྲགས་དངོས་རྫས་༥༨༠༠ལྷག་ཙམ་སྤྲད་པ་དང་། ས་གནས་ས་ཐོག་ཏུ་མི་ཐེངས་༤༢༠ལྷག་ཙམ་གྱི་བློ་འདྲི་དང་ལེན་བྱས་ཡོད། བྱེད་སྒོའི་ནང་ད་དུང་རྫུན་བཟོའི་བྱ་སྤྱོད་ལ་རྡུང་རྡེག་གཏོང་བའི་གྲུབ་འབྲས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པ་དང་། བཟའ་བཅའ་དང་སྨན་རྫས། སྒྲིག་འགལ་གྱི་དཔེ་སྐྲུན་དངོས་པོ། ལྐོག་ཚོང་སོགས་རྫུན་ལྷད་ཞན་གསུམ་གྱི་ཚོང་ཟོག་དང་འབྲེལ་བ་ཡོད་པའི་ཚོང་ཟོག་སྣ་ཁ་༣༠ལྷག་ཙམ་ཀུན་གྱིས་མཐོང་སར་གཅིག་སྡུད་ཐོག་མེད་པ་བཟོས་པ་རེད།
ལྷ་རྩེ་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད་ཀྱིས་རྫོང་ཁྲིམས་འཛིན་ཅུད་དང་སྤྱི་བདེ་ཅུད། ཞིང་ལས་དང་གྲོང་གསེབ་ཅུད། གྲོང་ཁྱེར་དོ་དམ་ཅུད་སོགས་ཚན་པ་༣༣དང་། མཉམ་འབྲེལ་ཐོག་འཛད་སྤྱོད་ཀྱི་གསོན་ཤུགས་འཕེལ་བར་བྱེད་ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཞིང་། ས་གནས་ས་ཐོག་ཏུ་མི་ཐེངས་༢༠༠ལྷག་ཙམ་གྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བློ་འདྲི་དང་ལེན་བྱས་པ་དང་། འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་དང་འབྲེལ་བ་ཡོད་པའི་དྲིལ་བསྒྲགས་ལག་དེབ་༣༠༠༠ལྷག་ཙམ་དང་དྲིལ་བསྒྲགས་དངོས་པོ་རིགས་༡༢སྤྲད་པ་དང་ཆབས་ཅིག་རྫུན་ལྷད་ཞན་གསུམ་གྱི་ཚོང་ཟོག་གཅིག་སྡུད་ཐོག་མེད་པ་བཟོ་བ་དང་བཟའ་བཅའི་བདེ་འཇགས་ཀྱི་ཚད་འཇལ་གཏན་འཁེལ་ཞབས་ཞུའི་དམངས་ཕན་མྱུར་བཤེར་བྱེད་སྒོ་སྤེལ་ཡོད་པ་རེད།
སྐྱིད་གྲོང་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད་ཀྱིས་རྫོང་བཟའ་བཅའ་བདེ་འཇགས་ཨུ་ལྷན་གྱི་ཁོངས་ཞུགས་ཚན་པ་དང་མཉམ་འབྲེལ་ཐོག་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སྒྲོག་འགྲེལ་དང་ཁྲིམས་འཛིན་ཞིབ་བཤེར་སོགས་ཀྱི་བྱེད་སྒོ་སྤེལ་ཞིང་། དྲིལ་བསྒྲགས་དཔྱད་ཡིག་༡༨༠༠ལྷག་ཙམ་དང་དྲིལ་བསྒྲགས་དངོས་རྫས་༤༠༠༠ལྷག་ཙམ་སྤྲད་པ། མང་ཚོགས་མི་ཐེངས་༤༠༠ལྷག་ཙམ་གྱི་བློ་འདྲི་དང་ལེན་བྱས་པ། གཉེར་སྐྱོང་མཁན་༢༠ལྷག་ལ་ཞིབ་བཤེར་བྱས་པ་དང་འཕྲལ་མར་ལག་ལེན་བསྟར་ནས་ཡོ་བསྲང་བྱ་དགོས་པའི་བརྡ་ཐོ་༢བཏང་ཞིང་། ཁས་ལེན་ཡི་གེ་༢༡བཞག་ཡོད་པ་རེད།
གཏིང་སྐྱེས་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད་ཀྱིས་རྣམ་པ་འདྲ་མིན་གྱི་ཐོག་ནས་༣·༡༥རྒྱལ་སྤྱིའི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ཉིན་མོའི་བྱེད་སྒོ་སྤེལ་ནས་《བཟའ་བཏུང་ཞབས་ཞུའི་ལས་རིགས་ཀྱི་སྔོན་འགོག་དང་ཚོད་འཛིན་ལག་རྩལ་གྱི་ཕྱོགས་སྟོན་》དང་《འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས་》《ཚོང་རྟགས་བཅའ་ཁྲིམས་》《བཟའ་བཅའི་བདེ་འཇགས་བཅའ་ཁྲིམས་》སོགས་ཀྱི་ནང་དོན་གཙོ་གནད་ཐོག་དྲིལ་བསྒྲགས་བྱས་ནས་ས་གནས་ས་ཐོག་ཏུ་དྲིལ་བསྒྲགས་དཔྱད་ཡིག་༢༠༠ལྷག་ཙམ་སྤྲད་པ་དང་མི་ཐེངས་༢༧གྱི་འཛད་སྤྱོད་བློ་འདྲི་དང་ལེན་བྱས་ཡོད། བྱེད་སྒོའི་ཐོག་ད་དུང་༢༠༢༣ལོ་ཚུན་དུ་ཁྲིམས་ལྟར་གཞུང་བཞེས་བཏང་བའི་རྫུན་ལྷད་ཞན་གསུམ་གྱི་ཚོང་ཟོག་གཅིག་སྡུད་ཐོག་མེད་པ་བཟོས་ཡོད་པ་རེད།
འབྲོང་པ་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད་ཀྱིས་ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱེད་ཅེས་པའི་འཛད་སྤྱོད་ཁེ་དབང་སྲུང་སྐྱོང་ལོའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས་ཁྲིམས་ལུགས་དྲིལ་བསྒྲགས་དང་ཚད་གཞི་མི་ལོན་པའི་ཚོང་ཟོག་ཁག་ཅིག་གཅིག་སྡུད་ཐོག་མེད་པ་བཟོས་པ་སོགས་ཀྱི་བྱེད་སྒོ་སྤེལ་ཡོད་པ་རེད།
ད་ཐེངས་ཀྱི་བྱེད་སྒོའི་ནང་། དྲིལ་བསྒྲགས་དཔྱད་ཡིག་༥༠༠ལྷག་ཙམ་སྤྲད་པ་དང་འཕྲེད་འགེལ་སྦྱར་ཡིག་༩བཀལ་བ། མི་ཐེངས་༥༠ལྷག་ཙམ་གྱི་བློ་འདྲི་དང་ལེན་བྱས་པ། རྫུན་ལྷད་ཞན་གསུམ་གྱི་ཐོན་རྫས་དང་དུས་ཚོད་ཡོལ་བའི་བཟའ་བཅའ་ཁྱོན་རིགས་ཆེ་གྲས་༦དང་སྣ་ཁ་༢༡མེད་པ་བཟོས་པར་རིན་ཐང་སྒོར་ཁྲི་༡.༦ཟིན་ཡོད་པ་རེད། (པ་སངས་ཆུང་བདག་གིས་བསྒྱུར་)
点赞0
收藏
བསོད་ནམས་ཉི་མས་བརྙན་ལམ་ཐོག་ནས་གྲོང་ཁྱེར་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་བཀོད་གཏོང་གནང་བ།
རང་རེའི་གྲོང་ཁྱེར་གྱིས་རྣམ་པ་འདྲ་མིན་ཐོག་ནས་གསུམ་བརྒྱད་རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་ལ་རྟེན་འབྲེལ་ཞུས་པ།
སྐྱིད་གྲོང་འགག་སྒོའི་སྨན་ཁང་དེ་སྨན་བཅོས་འགན་བཅོལ་གྱི་དམིགས་འཛུཌ་སྨན་བཅོས་སྒྲིག་གཞིའི་ནང་དངོས་སུ་བཅུག་པ།