ལོ་ཟླ་ཡུན་གྱིས་འདས་ཀྱང་། །
བརྩེ་འདང་མཚོ་མོ་ཟབ་པས། །
ང་དང་ཁོ་མོའི་བར་གྱི། །
གཏམ་རྒྱུད་ཞེ་ལ་འཁོར་བྱུང་། །
དང་པོ་མ་མཐུན་ལོ་ཟླར། །
སྙིང་ལ་སྡུག་པ་མིན་རུང་། །
སེམས་པ་སོང་བའི་དུས་ལ། །
ཞེ་ནས་འདོར་ཐབས་མི་འདུག །
ཞལ་རས་དུང་ཟླ་དཀར་པོ། །
སེམས་པའི་དཀྱིལ་ནས་འཚེར་བྱུང་། །
གཤིས་བཟང་མཛངས་མ་ཁྱོད་ཉིད། །
ཞེ་ལ་གཏན་དུ་ཐོགས་འདུག །
ཕར་བསམ་ཕར་ལ་བརྩེ་ཞིང་། །
ཚུར་བསམ་ཚུར་ལ་དུང་ཡང་། །
ལྷན་དུ་འཛོམས་ཡུན་ཐུང་བས། །
སྙིང་གཏམ་བཤད་འཕྲོར་ལུས་ཡོད། །
ཨེ་འཕྲད་རེ་བ་ཆེ་ཡང་། །
འདི་ན་འཕྲད་བསམ་ངར་མེད། །
སྟེས་དབང་ཞིག་གིས་འཕྲད་དུས། །
ངག་འདར་སྙིང་རྩ་འགུལ་བྱུང་། །
ཚིག་གསུམ་བཤད་པ་དྲན་བྱུང་། །
ཞག་གསུམ་རུམ་པའང་དྲན་བྱུང་། །
སྙིང་གི་འཕར་ལྡིང་ཁྲོད་ནས། །
འོ་ཞིག་བྱས་པའང་དྲན་བྱུང་། །
ལྷན་དུ་འཛོམ་ན་བསམ་མྱོང་། །
འགྲོགས་འདྲིས་ཨེ་ཡོང་བསམ་མྱོང་། །
གཏན་གྲོགས་ཚེ་ཡི་སྐྱ་ཡ། །
ཁྱོད་ཉིད་ཡིན་ན་བསམ་མྱོང་། །
མི་ཚོགས་འདུས་པའི་དབུས་ནས། །
ཟུར་མིག་འཕེན་ས་ཁྱོད་ཡིན། །
ཁེར་རྐྱང་མུན་པའི་ཀློང་ནས། །
སེམས་ཀྱི་དྲན་ཤིང་ཁྱོད་ཡིན། །
སྙིང་གྲོགས་དུང་སེམས་ཅན་མ། །
རྨི་ལམ་ན་ཡང་འཁོར་མྱོང་། །
ལས་དབང་སེམས་ནག་མིན་ན། །
མི་ཚེ་མཉམ་དུ་རོལ་འགྲོ། །
དཔོན་པོའི་བཀའ་བཀོད་མ་རེད། །
ཕ་མའི་བཀོད་སྒྲིག་མ་རེད། །
གཅིག་སེམས་གཅིག་ལ་དུང་ཡང་། །
ལས་ཀྱི་ལམ་ཁ་མ་གཅིག །
སེམས་དང་བསམ་པའི་བར་གྱི། །
ཁ་ཐག་རིང་སོང་མ་རེད། །
བརྩེ་དུང་དར་གྱི་མདུད་པ། །
སུས་ཀྱང་བཀྲོལ་ཐབས་མིན་འདུག །
སྨན་ཆུང་ཁྱོད་ལ་དུང་དུང་། །
སུ་ལ་དུང་མྱོང་མེད་ཀྱང་། །
ལས་ཀྱི་རླུང་ནག་འཚུབ་པས། །
སོ་སོའི་ལམ་ཁར་གྱེས་སོང་། །
ཆ་མེད་བུ་མོ་ཞིག་དང་། །
འཚོ་བར་རོལ་བསམ་མེད་ཀྱང་། །
ལས་ཀྱིས་བཀོད་སྟངས་ཡིན་པས། །
ཁོ་བོར་ལན་ཁག་མི་འདུག །
རྒྱུས་མེད་གསར་བུ་ཞིག་ལ། །
ཁྱོད་རང་སྤྲོད་བསམ་མེད་ཀྱང་། །
ལས་དབང་སེམས་ནག་ཡིན་པས། །
ང་ལ་བཀོད་པ་མི་འདུག །
བུ་མོར་ལེ་བདའ་མེད་ཅིང་། །
བུ་ཆུང་འཁང་ར་མ་གནང་། །
ཚེ་རབས་ཕྱི་མ་ཞིག་ལ། །
མཉམ་འཛོམས་ཨེ་ཡོང་ལྟ་ཆོག །
点赞
收藏