སྲོད་ཀྱི་མཚམས་སྤྲིན་དང་འགྲོགས་ཏེ། །
མཛའ་གཞས་སྙན་མོ་ཞིག་མགུར་བྱུང་། །
སྤྲོས་མེད་ཡིད་འོང་གི་འཛུམ་ཆུང་། །
ང་ལ་མངོན་ཙམ་ཞིག་གནང་འདྲ། །
ལྷད་མེད་འཛུམ་མདངས་ཤིག་མངོན་པ། །
མིང་དང་ཐ་སྙད་ཀྱིས་མི་མཚོན། །
ཞེ་མཐུན་རྒྱང་བཞུགས་ཀྱི་ཡིད་འོང་། །
རུས་པའི་དཀར་ས་རུ་ཐིམས་སོང་། །
དང་ཐོག་ཐུག་འཕྲད་ཀྱི་རྨི་ལམ། །
དྲན་པའི་ཟབ་ས་རུ་བྲིས་ཡོད། །
ཞེ་འདྲེས་ཡིད་འོང་གི་རྒྱབ་གཟུགས། །
ལས་ཀྱི་བགོ་སྐལ་དུ་སྨིན་སོང་། །
དྲན་སེམས་མཚོ་མོ་ཡི་ནང་དུ། །
བརྩེ་བའི་མེ་ཏོག་ཅིག་བཞད་ཡོད། །
མཛེས་དང་མི་མཛེས་དེ་མ་གླེང་། །
འཚོ་བའི་དྲོད་ཁོལ་གྱི་གཞི་མ། །
རྒྱང་རིང་རི་ལུང་གིས་ཆོད་པའི། །
རྒྱང་བཞུགས་ཞེ་འདྲེས་ཀྱི་མི་ལ། །
སེམས་པ་རྒྱང་རིང་དུ་བསྲིངས་ཏེ། །
འཕྲིན་པ་ཁྱེད་ཕྱོགས་སུ་སྤྲིངས་ཡོད། །
རེ་བའི་རྨི་ལམ་དུ་སླེབས་ཤིང་། །
དྲན་པའི་མེ་ལོང་གི་ངོས་སུ། །
བརྗེད་མེད་ཕྱི་མིག་ཅིག་ལྷག་པ། །
བསྐལ་པ་སྟོང་ཕྲག་གི་དྲན་ཤིང་། །
点赞0
收藏