མི་ཚོའི་ལྟ་ཚུལ་སྒེའུ་ཁུང་འོག །
ཚེ་ཉི་ལྡེ་བའི་འུ་བུ་ཅག །
སྐར་མ་མཐོ་སེ་ལོན་ཆེད་དུ། །
ཡོད་རློམ་མཁས་མདོག་ཇི་ཙམ་བྱས། །
མི་རིང་མི་ཚེ་སྐད་ཅིག་མ། །
མི་འགྱུར་བརྩེ་ལྡན་མ་དང་ལྷན། །
མི་དགེའི་ས་བོན་མ་འབོ་བྱོས། །
མི་མཐུན་རྩོད་གཞིའི་ཀློང་ལ་ཚུད། །
སྐྱིད་དང་མ་སྐྱིད་སྣང་བ་ཙམ། །
བྲེལ་དང་ལྷོད་ཀྱང་འཚོ་སྟངས་ཏེ། །
ཉོན་མོངས་ཚེར་མས་མ་བརྡུང་ན། །
བློ་ཕམ་ཨ་ཚ་ཤོར་དོན་མེད། །
རྩམ་སྒྱེའི་ཞབས་མཐིལ་གསལ་ན་ཡང་། །
སྒེའུ་ཁུང་རྩམ་རལ་ཡོག་ཡོག་ཅན། །
ཐལ་རྡུལ་འཚུབ་མའི་ཀློང་ཡངས་སུ། །
བུན་འཇལ་ཨར་ལས་ཤ་རེ་ཚ། །
གཞན་གྱི་བསྟོད་བསྔགས་མེ་ཏོག་ཕྲེང་། །
རང་སེམས་མགུ་བའི་གསོལ་རས་སུ། །
གནང་རེའི་མེ་སྟག་དམར་ཚ་མ། །
རང་ལུས་ཚ་བའི་རྒྱུ་རུ་བཞེངས། །
རིན་ཐང་ལྟ་བ་ཁྱ་རེ་ཁྱོར། །
འཚོ་བའི་ལམ་བུ་གྱ་མ་གྱུ། །
གཡམ་རྒྱུག་སེམས་པ་འཚབ་བེ་འཚུབ། །
རང་ལུས་རྔུལ་ཆུ་ཁྲོམ་ཁྲོམ་ཁྲོམ། །
སྒུག་པའི་བྱིས་པ་མ་ལོངས་པར། །
མ་བསྒུག་རྒ་བ་མགོ་ལ་ལྡིང་། །
དྲན་ཚད་ལུས་པོས་མ་ལྕོགས་པར། །
ཟུངས་ཟད་ལུས་ལ་འཁང་ར་ཤོར། །
རྒས་པ་རང་གིས་མ་ཚོར་ཞིང་། །
འཆི་བདག་སླེབས་པ་མ་ཚོར་བར། །
རི་ཙམ་སྤུངས་པའི་ལོངས་སྤྱོད་ཀུན། །
ཤུལ་བཞག་རྒྱང་ལམ་བསྙེག་དགོས་རེད། །
མཐོང་ཚད་བྱེད་འདོད་བསམ་པ་དེ། །
འོ་བརྒྱལ་བསུ་བའི་གཡབ་མོ་སྟེ། །
རང་གི་དཔག་ནུས་ཁ་ཞེང་ལྟར། །
རན་པའི་འཆམ་ཞིག་འཁྲོབས་དང་ཀྱེ། །
ཆུང་དུས་རིག་པ་མ་བསླབ་ཅིང་། །
གཞོན་དུས་ལག་རྩལ་མ་སྦྱངས་པར། །
རྒས་དུས་གཉིས་མེད་ལག་སྟོང་ངང་། །
ཤི་སྒུག་རྒྱག་རྣམས་སྙིང་མ་རྗེ། །
མི་ཚོ་ཟེར་བ་ནོར་འཁྲུལ་མང་། །
བཟོས་ལ་སྐྱོན་བརྗོད་ལམ་སྟོན་མཁན། །
སློབ་གྲྭར་མི་མཚུངས་ལེགས་ཉེས་འབྲས། །
ལོ་ཟླའི་འགྲོས་ལ་འགྲོགས་ནས་སྟོན། །
དེའི་ཕྱིར་མ་བརྩམ་བྱ་བའི་མཆོག །
བརྩམས་ནས་འགྱོད་གདུང་མི་ཡོང་བ། །
ཆུ་ལ་ཆུ་རགས་ཇི་བཞིན་དུ། །
སྔ་འདང་ཕྱི་འདང་བརྒྱག་རྒྱུ་གལ། །
点赞0
收藏