ཨ་ཕ་ལགས།
སྟོང་སང་ངེར་གནས་པའི་ནམ་མཁའི་མཐའ་རུ།
ནུབ་མཐའི་སྐར་མ་སྨིན་དྲུག་འོད་འཚེར་འཚེར་ངང་འཆར་བྱུང་།
ངའི་ནང་སེམས་ཀྱི་གུར་མཐའ་མ་ལུས།
ཡིད་མུག་དང་སྨྲེང་བའི་རླུང་བུས་དལ་གྱིས་བཀྱགས་སོང་།
ཨ་ཕ་ལགས།
དྲན་གདུང་གི་མཁའ་དབྱིངས་ངོས།
ཉུག་རེག་མི་ཐུབ་པའི་ཁྱེད་ཀྱི་འཛུམ་ཞལ་གྱི་ཟླ་བ།
སྣང་བའི་ཟླ་ཟེར་འགྲོས་ཀྱི་ངའི་ནང་སེམས་སུ་འཁོར་ཡོང་བས།
ད་གཟོད་གྱེས་བྲལ་གྱི་ལམ་བུ་སྔར་ལས་ཇེ་རིང་དུ་ཕྱིན་སོང་།
ཨ་ཕ་ལགས།
དུས་ཚོད་ཀྱི་གོམ་འགྲོས་གློག་ལས་མྱུར་ཡང་།
ངས་དྲན་ཤེས་ཀྱི་མགུལ་བ་ངོགས།
ནམ་ཡང་ཞེན་ཆགས་ཀྱི་གའུ་འདོགས་བཞིན་ཡོད་ལ།
མིག་ཆུ་ཡི་ཡོན་ཆབ་ཀྱང་བཤམས་ནས་འཚོ་ཡོད།
ཨ་ཕ་ལགས།
ཁེར་རྐྱང་གི་མཚན་མོ་རེ་རེར།
འཁྱགས་གདུང་གི་མིག་ཆུའི་ཕྲེང་ཐག་སྨྱུ་གུར་ལྡུག་སྟེ།
སྨྲེང་སེམས་ཀྱི་ནམ་མཁའ་མཚོན་པའི་སྙན་ངག་བྲིས་ནས།
མུ་མཐའ་མེད་པའི་རྩྭ་ཐང་ནས།
རྒྱང་རིང་གི་རྒྱང་རིང་ཞིག་གམ་ཁྱེད་ལ་གྱེར་བཞིན་ཡོད།
点赞0
收藏