首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > རྩོམ་རིག

༄༅། ། དཔེ་ཀློག་གི་རིན་ཐང། སྨིན་རུང་འབྲས་བུས།

2024-07-23 16:19:13

作者

评论
0

དེ་ཡང་དཔེ་དེབ་ནི་མིའི་རིགས་ཀྱི་ལོ་རྒྱུས་དང་ཤེས་རིག་གི་ནོར་བུ་གནས་སའི་བང་མཛོད་ཅིག་དང་འདྲ་ལ། དཔེ་དེབ་ཀློག་པ་ནི་ནོར་བུས་ཕྱུག་པའི་བང་མཛོད་གང་དེ་ལས་རང་དགོས་ཀྱི་ནོར་བུ་འདེམ་ཞིང་ལེན་པའམ། ཡང་ན་རྒྱུན་སྤྱོད་ལ་མཁོ་བའི་དགོས་འདོད་ཀྱི་ནོར་བུ་རེ་བཙལ་ནས་ལེན་པ་དང་ཡོངས་སུ་མཚུངས། རྒྱུན་དུ་དཔེ་དེབ་ཀློག་པ་ནི་རང་གི་འཚོ་བའི་ཁྲོད་དུ་མེད་དུ་མི་རུང་བའི་གོམས་གཤིས་སུ་གྱུར་ཡོད་ན། མི་དེའི་བསམ་བློའི་གོ་རྟོགས་ཀྱང་ཡར་ངོའི་ཟླ་བ་བཞིན་གོང་འཕེལ་དུ་འགྲོ་བ་སུ་ཞིག་གིས་འགོག་པར་ནུས། མི་དེ་ནི་ཉིན་རེ་ལས་མ་འདས་པར་ཤེས་བྱས་བརྒྱན་པའི་འཇིག་རྟེན་གསར་པ་རེ་ལ་གཟིགས་མོར་རོལ་ངེས་ཤིང་། དག་གཙང་གསར་ལས་བྱས་པའི་མི་གཤིས་དང་། བླང་དོར་གསལ་ལེར་མཐོང་བའི་བློ་མིག ཁེ་ཉེན་ནོར་བ་མེད་པའི་བྱ་གཞག་སོགས། མདོར་ན་ལེགས་ཚོགས་ཀྱི་ཡོན་ཏན་ཐམས་ཅད་ཐོབ་པའི་ཡ་རབས་དམ་པའི་མི་ཞིག་ཡིན་པ་སྨྲོས་མི་དགོས།

༢  

མ་གཞི་ཀློག་པ་པོ་རྣམས་ཀྱིས་དཔེ་དེབ་ཀློག་སྟངས་མི་འདྲ་ལ། དཔེ་དེབ་ཀློག་པའི་དགོས་པའམ། ཀུན་སློང་ཡང་མི་འདྲ་བ་མང་དུ་ཡོད་པ་བཤད་ག་ལ་དགོས། འོན་ཀྱང་རྩ་བའི་ཆ་ནས་ཚང་མ་ལའང་གནས་སྐབས་དང་མཐར་ཐུག་གི་དགོས་པ་གཉིས་སམ། ཡང་ན་དེ་གཉིས་གང་རུང་རེ་ཡོད་པའི་ཐོག་ནས་དཔེ་ཀློག་བྱེད་ཅིང་། དེའི་ནང་ནས་འགའ་རེས་ནི་རང་གི་འཚོ་གནས་ཀྱི་ཤེས་བྱ་དོན་དུ་གཉེར་ནས་དཔེ་ཀློག་བྱེད་ལ། འགའ་རེས་ནི་ལུས་ཁམས་དང་སེམས་ཁམས་གསོ་བའམ། བློ་སྦྱོང་གི་བསམ་པ་ཞིག་ལྟེ་བར་བཟུང་ནས་དཔེ་ཀློག་བྱེད་ངེས་སུ་མཆིས། གང་ལྟར་དཔེ་དེབ་ཀློག་པ་ནི་རང་ཉིད་ཀྱི་འཚོ་བའི་ཁྲོད་ཀྱི་ལས་ཀ་ཆེས་ལེགས་ཤོས་དེ་ཡིན་པས། ང་ཚོ་མཉམ་དུ་དཔེ་ཀློག་གི་གོམས་གཤིས་རེ་བཟུང་སྟེ། མི་ཚེའི་རིན་ཐང་ལ་ཕན་པའི་ཡིན་ལུགས་ཚུལ་ལྡན་གྱི་འཚོ་བ་ཞིག་སྐྱེལ་དགོས་པ་མ་ཡིན་ནམ།

༣  

 དཔེ་དེབ་ཀློག་པར་མི་དགའ་བའི་མི་རྣམས་ནི། དྲང་བདེན་དང་གནས་ལུགས་ལ་མི་དགའ་བ་ཞིག་ཡིན་ལ། སྤྱོད་ཡོན་དང་ཡ་རབས་དམ་པའི་སྲོལ་རྒྱུན་ལ་དགའ་པོ་མེད་པ་ཞིག་ལོས་ཀྱང་ཡིན། མི་དེའི་རིགས་ལ་སྐད་ཆ་བཤད་དགོས་བྱུང་ནའང་ཤིན་ཏུ་གོ་དཀའ་ལ། བདེན་པར་སྨྲས་ཀྱང་རྫུན་དུ་གོ་བ་དང་། རྫུན་བཤད་བྱས་པ་བདེན་པར་གོ་བ་སོགས་མདོར་ན་གོ་བ་ལོག་སྒྲུབ་བྱེད་པ་མང་ཞིང་། མི་དེ་དག་ནི་གླེན་རྨོངས་དང་ཨུ་ཚུགས། མཁྲེགས་འཛིན་བཅས་ཀྱི་ལྟ་བས་རང་རྒྱུད་རེངས་པོར་གྱུར་འགྲོ་བས། སུ་ཞིག་གིས་དེ་དག་སྣེ་ལེན་བྱེད་པར་ནུས། དེ་དག་ལ་ས་སྐྱ་ལེགས་བཤད་སོགས་ལས་ཀྱང་ཡ་སོ་ཅན་གྱི་བ་ལང་དང་། སྤུ་མེད་པ་ཡི་ཕག་པ་ལ་སོགས་པའི་ཐ་སྙད་མང་དུ་གསུངས་ཡོད་ཅིང་། དེ་དག་གི་ལུས་སེམས་གཉིད་མུག་གི་མུན་པ་ལས་སངས་དུས་མེད་ལ། ཉེས་ཚོགས་དང་འགལ་རྐྱེན་ཡོད་རྒུ་མ་བགོས་རང་ཆས་སུ་ཚང་ཡོད་པས་སུ་ཞིག་གིས་རིན་ཐང་དུ་ལྟ་བར་བྱེད། 

༤  

འཇིག་རྟེན་གྱི་ཁམས་ལ་མཐའ་མེད་པ་དེ་བཞིན་དུ་ཤེས་བྱའི་གནས་ལའང་མཐའ་མེད་པ་ཆོས་ཉིད་ཡིན་པས། རང་ལྟ་མཆོག་འཛིན་གྱི་ལྟ་བར་མི་ཞུགས་པར། རིག་པ་ནང་པར་འཆི་ཡང་བསླབ་དགོས་པའི་གཉུག་སེམས་དང་འགྲོགས་ཏེ་བདེ་བའི་ལམ་དུ་ཞུགས་ནས་གསེར་དང་བོང་བ་འདྲེས་པའི་འཇིག་རྟེན་འདིར། ལེགས་ཉེས་ཀྱི་དབྱེ་མཚམས་འབྱེད་པའི་བློ་གྲོས་ཀྱི་མིག་དབང་ཞིག་འཐོབ་དགོས་ཤིང་། དེ་འཐོབ་པའི་ཐབས་ནི་དཔེ་ཀློག་དང་ཐོས་བསམ་ལས་གཞན་ཅི་ཡང་མེད། དེས་ན་བདེ་སྐྱིད་དང་ལེགས་ལམ་ལ་རེ་བའི་ང་ཚོ་དཔེ་ཀློག་གི་བྱ་བར་ཞུགས་དགོས་ཨང་། དཔེ་དེབ་རེ་རེ་བཀླགས་ན་འཇིག་རྟེན་གསར་པ་ཞིག་ལ་ཡུལ་སྐོར་ལ་སོང་བ་དང་འདྲ་ལ། དཔེ་དེབ་རེ་རེ་བཀླགས་ན་མིག་ཡིད་རྣ་བའི་ཡུལ་དུ་རིན་བྲལ་གྱི་འདོད་ཡོན་རེ་ལ་ལོངས་སྤྱོད་པ་དང་གཉིས་སུ་མེད། དེང་གི་འཆར་ཡང་ཡ་རབས་དམ་པའི་སྲོལ་རྒྱུན་ལ་དགའ་བའི་མི་བུ་འགའ་ཞིག་གིས་ལོ་རེར་དཔེ་དེབ་དྲུག་ཅུ་ཡན་ཀློག་གི་ཡོད་པར་གསལ་བསྒྲགས་བྱས་ཡོད་པས། ང་ཚོས་མི་ཚེ་གཅིག་ལ་ཉུང་མཐར་ཡང་དཔེ་དེབ་ལྔ་བཅུ་ཡན་མ་ཀློག་པར་སྡོད་ཐབས་ག་ལ་ཡོད།

༥  

སྤྱིར་དཔེ་དེབ་ལའང་རིགས་ཧ་ཅང་མང་པོ་ཡོད་ཅིང་། འགའ་ཞིག་ནི་ཀློག་པ་པོའི་དུས་ཚོད་འཕྲོག་པར་བྱེད་པའི་གཤེད་མ་ལྟ་བུ་ལས། ཕན་འབྲས་སྐར་མ་གཅིག་ཀྱང་སྟེར་མི་ནུས་པའང་ཡོད་ལ། འགའ་ཞིག་ནི་བཀླགས་པ་ལས་ཀྱང་མ་ཀློག་པ་དགའ་བ་དེ་འདྲ་ཡོད་སྲིད། ལས་རྒྱུ་འབྲས་དང་ཚེ་སྔ་ཕྱི་དགེ་སྡིག་གི་ཁེ་ཕན་སོགས་མེད་པར་སྟོན་པའི་ཉེས་བཤད་ཀྱི་དཔེ་དེབ་སྟེ། དེའི་རིགས་ལ་བལྟ་ཀློག་མི་བྱེད་པར་དུ་སྔོན་བྱུང་དམ་པ་དང་། དེང་རབས་མཁས་པ་རྣམས་ཀྱིས་བརྩམས་པའི་བསྟན་བཅོས་རྣམས་ཀློག་དགོས། དེ་དག་བཀླགས་པའི་ཕན་འབྲས་ཀྱང་གནས་སྐབས་དང་མཐར་ཐུག་གཉི་གར་ཤིན་ཏུ་ཆེ་བ་བཤད་ག་ལ་དགོས། ཞོ་ཕེན་ཧ་ཝུར་ལགས་ཀྱིས་ཀྱང་། གནའ་དཔེ་གྲགས་ཆེན་དག་བཀླགས་པ་ལས་བྱུང་བའི་དགའ་བ་འདི་གཞན་སུ་དང་གང་གིས་ཀྱང་སྟེར་ནུས་མེད་དེ། གནའ་དཔེ་འདི་རིགས་ལག་ཏུ་བླངས་ནས་ཇ་ཐུན་གཅིག་གི་ཡུན་བཀླགས་པས་ཀྱང་། ལུས་སེམས་ལྷོད་ཅིང་དགའ་སྤྲོས་མྱོས་པར་འགྱུར་བ་དཔེར་ན། འཇམ་མཉེན་དྭངས་བསིལ་གྱི་ཡོན་ཏན་ཡོངས་སུ་རྫོགས་པའི་ཆུ་མིག་གི་ཆུ་འཐུངས་པས་ལུས་སེམས་བདེ་བག་གིས་ཡིད་ཚིམ་པར་འགྱུར་བ་ལྟ་བུའོ་ཞེས་གསུངས་པ་ལྟར་རོ།

༦ 

མི་ཚེ་ནི་ཡུད་ཙམ་ཞིག་ནས་རྫོགས་འགྲོ་བའི་རང་བཞིན་ལས་མ་འདས་ཀྱང་། མི་ཚེའི་ལམ་བུ་ཤེས་ཡོན་དང་འགྲོགས་ནས་འཚོ་དགོས་པ་གལ་ཆེ་བས། ཤེས་ཡོན་གྱི་བློ་མིག་གང་དེ་ཐོབ་བའི་ཆ་རྐྱེན་དུ་དཔེ་ཀློག་ལ་ངོམ་མེད་དུ་རོལ་དགོས་པ་ཤིན་ཏུ་གལ་ཆེ་ལ། ཚེ་སྲོག་གི་དྲོད་དང་ཤེས་ཡོན་གྱི་འོད་མདངས་བསྲེས་ནས་མི་ཚེའི་རིན་ཐང་མཚོན་པའི་བ་དན་མཐོན་པོར་བསྒྲེང་ཆེད། ང་ཚོ་མཉམ་དུ་དཔེ་ཀློག་གི་བྱ་བར་ཞུཌ་དགོས། གཞན་ཡང་མིག་དང་ལྡན་པའི་མི་ལ་གཟུགས་མཐོང་བའི་ནུས་པ་ཡོད་ངེས། མིག་མེད་པའི་མི་ལ་གཟུགས་མཐོང་བའི་ཐབས་མེད་པ་བཞིན་དུ། དཔེ་ཀློག་དང་ཐོས་བསམ་ལས་བྱུང་བའི་བློ་མིག་མེད་པའི་མི་དེར། ཤེས་བྱས་བརྒྱན་པའི་འཇིག་རྟེན་འདིའི་ལེགས་ཚོགས་སམ། ཡོན་ཏན་ཏིལ་འབྲུ་ཙམ་ཡང་ལོངས་སུ་སྤྱོད་པའི་ཐོབ་ཐང་མེད་པས་ང་ཚོ་དེ་ལས་ལྡོག་སྟེ་ཤེས་རིག་གི་འོད་ལམ་དུ་དཔྱོད་ཤེས་ཀྱི་བློ་མིག་བཟུང་ནས། དཔེ་ཀློག་གི་གོམས་གཤིས་དང་འདྲེས་ནས་མི་ཚེ་དོན་ལྡན་ཞིག་ཏུ་འགྱུར་བར་འབད་དགོས།

དཔེ་དེབ་ཀློག་སྟངས་ལ་མཚོན་ན། སྤྱིར་གང་ཟག་རྣམས་ལ་དབང་པོ་རབ་འབྲིང་ཐ་གསུམ་ཡོད་པས། འདི་ལྟ་བུའོ་ཞེས་མཐའ་གཅིག་ཏུ་བརྗོད་པར་མི་སྤོབས་ཀྱང་། ཕལ་མོ་ཆེའི་དབང་དུ་བྱས་ནས་ཀློག་སྟངས་ནི། དཔེ་དེབ་གང་ཞིག་དང་པོ་མགོ་ནས་མཇུག་བར་ཆ་ཚང་བར་བཀླགས་རྗེས། སླར་ཡང་ཅུང་ཟད་ཞིབ་ཆ་དང་བཅས་ནས་ལན་གཅིག་ཀློག་དགོས། དེའི་རྗེས་སུ་ཡར་བསྐྱར་དོན་གྱི་གནད་འགག་ཆེ་བ་རྣམས་གཙོ་བོར་འཛིན་ནས་ཐེངས་གཅིག་བཀླགས་པ་ན། ད་གཟོད་རང་ཉིད་དཔེ་དེབ་གང་དེའི་ནང་དོན་ལ་ཆ་རྒྱུས་ཡོད་མཁན་ཞིག་ཏུ་ཆགས་ཐུབ་པར་ངེས། དེ་ལྟ་བུའི་ཀློག་སྟངས་འདིའང་དེང་རབས་ཀྱི་མཁས་པ་ག་གེ་མོ་ཞིག་གི་གསུང་རྒྱུན་ལས་ཐོས་ཤིང་། དེ་ཉིད་རང་རེ་རྣམས་ལ་ཧ་ཅང་འཚམ་པའི་དཔེ་དེབ་ཀློག་སྟངས་ཤིག་ཏུ་མཐོང་ནས་འདིར་རགས་ཙམ་སྨྲས་པའོ།  


点赞0

收藏

评论
已输入0
全部评论
加载更多评论