首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > རྩོམ་རིག

༄༅། ། གདུགས་ཆུང་མེ་ཏོག་རིས་ཆ། ཧོར་བུ་ཀར་བསམ་གྱིས།

2024-07-23 16:19:13

作者

评论
0

ཆར་པ་འབབ་ཀྱིན་མི་འདུག་བཅོ་ལྔའི་ལྷ་ཟླ་ཡག་པ། །

དབེན་འཇམ་རི་གྲོང་གསེང་ནས་སེམས་པ་ལྷིང་ལ་བབ་དུས། །

སྡེ་གྲོང་བྱམས་པའི་ཞལ་རས་མ་སྒོམ་ཡིད་ལ་འཁོར་བ། །

ཆར་པ་ཐིགས་གཅིག་མེད་ཀྱང་ཕྱི་རུ་གདུགས་ཆུང་ཕུབ་ཡོད། །


ལུས་པོ་དབེན་རིར་གནས་ཀྱང་སེམས་འདུན་བྱི་འུ་གཤོག་ཐོགས། །

རི་ཚོགས་གྲངས་མེད་བརྒལ་ཏེ་རྨ་ཆུའི་འགྲམ་ལ་ཕྱོགས་སོང་། །

མ་མཇལ་རྒྱང་གྲོང་བྱམས་པ་ཐུགས་སེམས་སྐྱོ་སྐྱོ་མ་གནང་། །

ཁྱོད་ཀྱི་ཆར་གདུགས་ཆུང་ཆུང་མི་བརྗེད་སེམས་རྟེན་བྱས་ཆོག །


དུངས་སེམས་རི་མོ་འཁྱིལ་བའི་གདུགས་ཆུང་མེ་ཏོག་རིས་ཅན། །

སྡེ་གྲོང་རྒྱུས་མེད་མི་ལ་བརྐུ་ཁྱེར་གནང་གི་མ་འཇུག །

བསམ་པ་སློབ་གླིང་གཞུང་ནས་རིག་གཞུང་སྦྱོང་འདོད་མ་འཆར། །

ཞེན་ཆགས་འཁོར་མཚོའི་འཇིངས་སུ་མཉམ་དུ་སྨོན་ལམ་བཏབ་ཡོད། །

དབེན་གྲོང་ནུབ་ཀྱི་མཁའ་རུ་ཉ་གང་ཟླ་བ་གོར་མོ། །

དལ་འཇགས་ལྷོད་ལ་བབས་ནས་ནུབ་རིའི་རྒྱབ་ཏུ་ཡལ་དུས། །

སྔོན་དུས་ནག་མོལ་ཁོལ་བཞིན་རི་བོར་སྤྱུག་པ་མིན་ཡང་། །

ཡིད་འགྱུར་ཤིང་གི་འདབ་ལོ་གདུང་སེམས་རླུང་གིས་སྒུལ་བྱུང་། །


གདུགས་ཆུང་རི་མོའི་མཛེས་ཆར་ང་ཡི་རྣམ་ཤེས་ཐོགས་ཡོད། །

རང་སེམས་སྦྲང་མར་གྱུར་ནས་རིས་ཀྱི་མེ་ཏོག་ངོས་སུ། །

མངོན་ཆུང་གདུང་སེམས་དང་བཅས་ཡང་ཡང་བསྐོར་བའི་ལས་བྱ། །

ཁྱོད་ཀྱི་རྣམ་ཤེས་ཕྲ་མོར་རིངས་པོ་མཁྱེན་པ་ལྡན་འོངས། །


点赞0

收藏

评论
已输入0
全部评论
加载更多评论