首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > རྩོམ་རིག

༄༅། ། ཁེར་རྐྱང་པ་ནི་སྙན་ངག་པ་མིན། གངས་ཆབ་ལྷ་སྲས་ཀྱིས།

2024-07-23 16:19:13

作者

评论
0

ང་ཚོ་ལ་སྙན་ངག་ཡོད་པས།

རང་རང་གི་ནམ་མཁའི་མཐོངས་སུ།

ཉི་ཟླ་འཆར་སའི་སྤྲིན་དཀར་ཕུང་པོ་ཞིག་བཞེང་ཆོག་ལ།

སྐར་ཚོགས་ཀྱི་སྟངས་སྟབས་ངོམས་སའི་ས་མིག་ཆུང་ཆུང་རེའང་བཞག་ཆོག

དེ་བས་གསོན་ཤུགས་དང་བྲལ་བའི་དོན་དག་ལ་ལར་ཞེན་ནས་འདུག་དོན་ཅི།


ང་ཚོ་ལ་སྙན་ངག་ཡོད་པས།

རླུང་བུ་རང་འགར་གཡུག་ཆོག་ལ།

མེ་ཏོག་ཀྱང་དགུན་གཞུང་དུ་བཞད་ཆོག

གྲང་ངར་རྒོད་ཀྱང་མེ་ཕུང་ལྟ་བུའི་རང་ཉིད་ལ་ཁེན་ཆོག

དེ་བས་བླུན་པོའི་ཚོགས་ཇི་ཙམ་འུར་ཡང་ང་ཚོ་ལ་སྐད་ཡིག་ཡོད་པས་ཅི་ཡང་ཡོད།


ང་ཚོ་ལ་སྙན་ངག་ཡོད་པས།

མདུན་ཕྱོགས་ཀྱི་མེ་ལོང་ཐལ་རྡུལ་གྱིས་བསུབ་ནའང་།

འཇིག་རྟེན་ཆ་མེད་འདིའི་ཉེ་ལོགས་སུ་སླེབས་ཐེངས་རེ་རེ།

རང་གི་ཤ་ཁྲག་ལས་མཆེད་པའི་ཡིག་འབྲུ་དག་ལ་སེམས་གཏམ་གླན་ཆོག

དེ་བས་སྙན་ངག་པ་ནི་ཁེར་རྐྱང་པ་མིན་ལ་ཁེར་རྐྱང་པ་ནི་སྙན་ངག་པ་མིན་ནོ།


སྲོད་ཀྱི་གྲིབ་གཟུགས་ཀྱིས་ས་འཛིན་བུ་མོའི་ཕྲག་གོང་ཐོག་ཏུ།

འདས་དོན་མང་པོ་སྟབས་གཅིག་ཏུ་ཕྱིར་དྲན་གྱི་སྣོད་དུ་བླུགས།

རང་གི་ལང་ཚོ་སློབ་སྦྱོང་ལ་ཕུལ་བའི་ངེད་ཅག་ཚོས།

མདུན་ལམ་དོག་མོ་ཞིག་གི་བྲན་གཡོག་བྱེད་དགོས་པ་འདི་ཡང་།

རང་རང་གི་སྔོན་ལས་ཡིན་པ་བཙན་གྱིས་བྲིས་པའི་ཁ་ཡིག་མིན་ནོ།


མཚན་སྨག་རུམ་བར་གྱི་སྟོང་ཆ་རྣམས་གཟུགས་མེད་པའི་དུས་ཚོད་ཀྱིས་ཟོས།

དེ་སྔོན་རང་གི་རྨི་ལམ་དུའང་འཁོར་མ་མྱོང་བའི་རེ་འབྲས་དེས།

རང་གི་མི་ཚེའི་ཞིང་ས་རུ། མེ་ཏོག་ལས་ཀྱང་མཛེས་པའི་སྙན་ངག་ཅིག་རྙེད་པ་བྱུང་།


རླུང་བུ་ལྷོད་ལྷོད་དུ་ལྡང་། ཁ་བ་སིབ་སིབ་ཏུ་བབས།

ཆ་འཇོག་མེད་པའི་ནམ་ཟླ་དང་ངའི་ངོ་ཤེས་ཚོས།

ངས་མི་མཐོང་ས་ནས་ངན་སྨྲས་བྱེད་ཅིང་ལུས་ཟུང་འཁྱག་པོར་བཏང་།


ད་ནི་དགུན་གཞུང་ལ་ཐོན་སོང་། ངས་རང་ཉིད་ལ་གཅེས་སྐྱོང་བྱེད་དགོས་ཨང་།

རྟག་ཏུ་དགུན་གཞུང་ལྟ་བུའི་འཇིག་རྟེན་འདི་ལ་གོམས་པར་བྱེད་དགོས་སྙམ།

དེ་བས་ངས་མུ་མཐུད་སྙན་ངག་བྲིས་ཏེ་རང་ཉིད་ལ་འགྲེལ་བཤད་ཅིག་བྱེད་དུ་འཇུག་དགོས་སྙམ།


点赞0

收藏

评论
已输入0
全部评论
加载更多评论