ཆར་པ་མ་འབབ་པའི་སྔ་རོལ་དུ།
བྱིའུ་ཆུང་འགའ།
གང་ཞིག་ནས་འཕུར་འོངས་ཏེ།
སློབ་ཁང་མདུན་གྱི་གསོམ་སྡོང་སྟེང་བབས་ནས།
སྙན་འཇེབས་ཀྱི་གླུ་གཞས་ཤིག་བླངས་རྗེས།
སླར་ཡང་། གང་ཞིག་ཏུ་འཕུར་སོང་།
ཆར་པ་མ་འབབ་པའི་སྔ་རོལ་དུ།
ཚ་ལམ་ལམ་གྱི་ཉི་འོད་ཀྱིས།
ནམ་མཁའི་བང་རིམ་གཤགས་ནས།
ཐད་ཀར་ས་གཞིའི་ཐོག་ཏུ་འཕྲོས།
བཞིན་རས་ཡོངས་བསྲེགས་ལ་ཁད་བྱས་རྗེས།
གཞི་ནས་ལྷོད་ལ་བབས་བྱུང་།
ཆར་པ་མ་འབབ་པའི་སྔ་རོལ་དུ།
མཚམས་སྤྲིན་གྱི་བཞིན་ལ་སྐྱོ་གདུང་གིས་ཁེངས།
ཉི་མ་ཡང་བཞུད་ལ་ཁད་ཀྱིས་མག་མོག་ཏུ་སྣང་།
ས་གཞི་ཡོད་ཚད་ལ།
གྲང་ཤུར་ཤུར་གྱི་རླུང་བུ་ཞིག་ལྡང་ཞིང་།
རྩྭ་ལྗང་དང་ལྗོན་ཤིང་རྣམས་ཀྱང་།
ལོ་ན་གསུམ་གྱི་བྱིས་པ་ནང་བཞིན།
འཁྱར་འཁྱོར་གྱིས་གོམ་པ་སྤོ།
ཆར་བ་མ་འབབ་པའི་སྔ་རོལ་དུ།
དྲན་གདུང་དང་རྨ་ཁ་ཡོད་ཚད་ཞི་ཞིང་འཇམ་ལ།
རེ་བ་དང་འདུན་པ་དག་ཀྱང་དྭངས་ཤིང་གཙང་།
ཆར་པ་མ་འབབ་པའི་སྔ་རོལ་དུ།
ཉི་འོད་དང་བརྩེ་བ་ཐམས་ཅད་བསིལ་ཞིང་དྲོ་ལ།
དགའ་བ་དང་དུངས་པ་རྣམས་ཀྱང་དྲོད་ཀྱིས་ཁྱབ།
ཆར་པ་མ་འབབ་པའི་སྔ་རོལ་དུ།
ཡོད་ཚད་ཡངས་ཤིང་ཆེ་ལ།
ལྷོད་ཅིང་འཇགས།
点赞0
收藏