首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > རྩོམ་རིག

༄༅། ། རང་མཉམ་ཕྲུ་གུའི་ཕ་མ་ཚོར་གདམས་པ། སྐྱེད་ཚལ་ཆུང་བདག་གིས།

2024-07-25 22:00:21

作者

评论
0

ཨ་མའི་བྱམས་སྐྱོང་མེད་པའི་ཕྲུ་གུས་སྡུག་རེ་མཐོང་། །

ཧ་ཅང་འདོད་པ་ཚིམ་པའི་ཟས་གོས་རེག་པར་དཀའ། །

ཨ་ཕའི་བལྟ་སྐྱོང་མེད་པའི་བུ་ཕྲུག་སྙིང་རེ་རྗེ། །

ཧ་ཅང་སྤྱི་ཚོགས་སྟེང་གིས་འཕྱ་སྨོད་བྱེད་མི་མང་། །

ས་མཆོག་ཁྱད་་ལྡན་ཞིང་དུ་འཁྲུངས་པའི་ཕ་མ་ཚོ། །

ཤ་ཚ་སྙིང་རྗེ་སྒོམ་ནས་བུ་ཕྲུག་བྱམས་ཀྱིས་སྐྱོངས། །

ལ་རྒྱ་ལ་ཡོགས་བསམ་ནས་རྒན་རྒོན་དྲིན་གྱིས་སྐྱོངས། །

རྭ་ཅོ་རྣ་ཅོག་བཞིན་དུ་བཟའ་ཚང་དམ་ཚིག་སྲུང་། །

ཡ་མ་བརླ་མདོག་མ་བྱེད་རང་བློ་ནང་དུ་གཅུན། །

འབ་སྒྲ་སྐྱུར་འགོང་མེད་པར་ཁྱིམ་ཚང་ཁྲིམས་བཞིན་སྐྱོངས། །

ཟ་འཐུང་རོ་བཅུད་དགོས་ན་ཁྱིམ་ཚང་འཆམ་མཐུན་གྱིས། །

ཞྭ་ནག་གཡོག་རེས་ཞོག་ནས་ཚུལ་མཐུན་སྤྱོད་པར་སློབས། །

ཝ་མོ་ཆུ་ཡིས་མྱོས་པའི་རྣམ་ཐར་མི་སྐྱོངས་བར། །

རྫ་ཁོག་གཅིག་གི་ཟས་ལ་ལོངས་སུ་སྤྱོད་ན་དགའ། །

ཚ་འདེད་ཆེ་འདོད་སྤངས་ནས་རང་དོན་འགྲིག་དང་ལྷན། །

ཙག་ཙིག་ལས་ལ་དོན་མེད་རྙོག་གྲ་ཉུང་ན་དགའ། །

མ་ཤེས་ཤེས་མདོག་ཐེ་ཇུས་བྱེད་རྒྱུ་ཕར་ལ་ཞོག །

བ་གླང་ལྟ་བུའི་བསམ་མེད་དྲན་མེད་མི་བྱེད་པར། །

ཕ་མ་བུ་ཕྲུག་དབར་ལ་ཕན་ཚུན་བསམ་ཤེས་ཀྱིས། །

པ་རི་པུ་རི་མེད་པར་རང་ཚུགས་ཟིན་དང་ཀྱེ། །

ན་སོ་དར་ལ་སོན་པའི་ཕྲུ་གུའི་ཕ་མ་ཚོ། །

ད་རང་འཇོན་པོ་རྒོད་པོ་སྤངས་ནས་རང་ཚོད་ཟིན། །

ཐ་ཤལ་མ་རབས་སྤྱོད་པས་མི་ཚེ་མི་ཟད་ཆེད། །

ཏཱ་ཡང་སྒོར་མོའི་ཆེད་དུ་གཡོ་སྒྱུ་མ་འཁྲབ་ཨང་། །

ཉྭ་ལ་འཁྲིལ་བའི་ཕྲུ་གུའི་ཆེད་དུ་བསམ་བློ་ཐོངས་། །

ཇ་ཆང་བག་མེད་ལོངས་སྤྱོད་སྟོན་མོར་མ་གཡེང་པར། །

ཆ་ལུགས་ཚུལ་མཐུན་རང་ཅག་མེས་པོའི་སྲོལ་རྒྱུན་དག །

ཅ་གས་གཅེས་པར་བསྐྱང་རྒྱུ་ཤིན་ཏུ་དོན་གལ་ཆེ། །

ང་དང་ང་རང་འདྲ་བའི་ནར་སོན་ཕ་མ་ཚོ། །

ག་དུས་ག་པར་ཡིན་རུང་དྲན་ཤེས་བརྟན་པོ་ཡིས། །

ཁ་དང་ལག་ལེན་མཐུན་རྒྱུ་དོན་གྱི་མདོ་ཁ་སྟེ། །

ཀ་ཡེ་ན་མཉམ་གྲོགས་ཚོ་མ་བརྗེད་ཡིད་ལ་ཆོངས། །

ཨ་ལོག་སྐྱུར་ལོག་མེད་པའི་དྲང་པོའི་སྙིང་གཏམ་འདིས། །

ཀ་བར་ཕན་ཡང་གདུང་ལ་གནོད་པའི་དཔེ་བཞིན་དུ། །

ཧ་ཅང་སྐྱེ་བོ་མང་པོའི་བློ་ལ་ཕོག་སྲིད་པས། །

ཁ་ནས་ཐོན་སུམ་བཅོ་བརྒྱད་ཐལ་བ་མཐོལ་ལོ་བཤགས། །

ཨ་ཕྲེང་ཚིག་རྐང་བཅུ་གཅིག་རྩོམ་ལུགས་བྲིས་པར་ཐལ། །


点赞0

收藏

评论
已输入0
全部评论
加载更多评论