དོ་ནུབ། ཅི་འདྲའི་འཁྱག་ཨང་།
ཟླ་འོད་ཆེམ་ཆེམ་དུ་འཕྲོས་པས།
མུན་པ་ཡལ་ནས་དཀར་འོད་བསུས་ཀྱང་།
ལྷགས་རླུང་ཤུར་ཤུར་དུ་ལྡང་ཞིང་།
སྐར་ཚོགས་ཀྱིས་གྲང་འདར་རྒྱག
དོ་ནུབ། ཅི་འདྲའི་སྐྱོ་ཨང་།
ཁེར་རྐྱང་གི་ལྷིང་འཇགས་ཁྲོད་དུ།
ཕྱིར་དྲན་གྱི་ཀློང་དུ་ཡུད་ཙམ་ཉུལ་བས།
ངའི་མིག་མཐར་མཆི་མ་འཁྱིལ་ཞིང་།
ངའི་ཡིད་དུ་སྨྲེང་བ་འཁོར་འདུག
དོ་ནུབ། ཅི་འདྲའི་སྐྲག་ཨང་།
དབུགས་ལྷེམ་ཙམ་ལྷེམ་ཙམ་བྱེད་པ་དེ་ཡང་།
འཆི་བར་ཇེ་ཉེར་འགྲོ་བའི་སྔ་ལྟས་ཤིག་ཡིན་པ་ཚོར་བས།
ངས་འཇིག་རྟེན་འདིའི་ཡོད་ཚད་ལོངས་སྤྱོད་བྱེད་འདོད་སྐྱེས།
ངས་འཇི་རྟེན་འདིའི་ཡོད་ཚད་བློས་གཏོང་བྱེད་འདོད་སྐྱེས།
དོ་ནུབ། ངས་སྔར་མ་རྟོགས་པའི་གསང་བ་ཞིག
མཚན་ལྗོངས་འདིས་ང་ལ་ཁ་རོག་གེར་བཤད་སོང་།
点赞0
收藏