འཇོ་སྒེག་པད་དཀར་འདབ་ལོའི་ཞལ་འཛུམ་ངོས། །
དཀྱུས་རིང་སྨིན་མ་འཇའ་ཡི་སྡུག་གུ་ཅན། །
སྨིན་དྲུག་ཚོམ་བུ་གཡོ་འདྲ་ཚེམས་དཀར་མ། །
ང་ཡི་ཆུང་འདྲིས་བྱམས་པ་གང་ན་ཡོད། །
རྩྭ་ལྗང་རླུང་གིས་སྤུར་བའི་ཐང་ཆེན་དུ། །
སྣང་བ་གཡུ་སྦྲང་བུང་བའི་གར་སྟབས་བཞིན། །
ཞོ་གླུ་དབྱངས་ལ་འགུག་པའི་གཤིས་བཟང་མ། །
ང་ཡི་ཆུང་འདྲིས་བྱམས་པ་གང་ན་ཡོད། །
འོ་ཞོ་ཟས་ལ་རོལ་བའི་འབྲོག་ཐང་དུ། །
གཡང་དཀར་ལུག་ཁྱུ་བཀྲམ་པའི་ཡང་སྟེང་ན། །
འུར་ཆ་ལག་ལ་ཐོགས་པའི་རྫི་བོ་མ། །
ང་ཡི་ཆུང་འདྲིས་བྱམས་པ་གང་ན་ཡོད། །
ཤེས་རིག་མེ་ཏོག་བཀྲ་བའི་སློབ་གླིང་དུ། །
གེ་སར་རོ་བཅུད་འཐུ་བའི་གཡུ་སྦྲང་བཞིན། །
ཀ་ཁའི་རིག་གཞུང་བརྩོན་པའི་ན་ཆུང་མ། །
ང་ཡི་ཆུང་འདྲིས་བྱམས་པ་གང་ན་ཡོད། །
དྲི་གཞོན་དལ་གྱིས་ལྡང་བའི་དབྱར་གཞུང་དུ། །
སྦྲ་ནག་མཐིང་སྨུག་གྲུ་བཞིའི་ཐུ་སྣེ་རུ། །
འདམ་གྱི་རྟ་ནོར་ལུག་གི་རྩེད་རོགས་མ།
ང་ཡི་ཆུང་འདྲིས་བྱམས་པ་གང་ན་ཡོད། །
དཀར་ནག་ངོས་གཉིས་བཙེམས་པའི་འཇིག་རྟེན་དུ། །
འཚོ་བའི་སྐྱིད་སྡུག་གསལ་བའི་མེ་ལོང་ངོས། །
མ་བཅོས་གངས་ལྟར་དཀར་བའི་ཡིད་དགའ་མ། །
ང་ཡི་ཆུང་འདྲིས་བྱམས་པ་གང་ན་ཡོད། །
点赞0
收藏