རང་ཁྱིམ་ནི་ཟང་ཟིང་དང་འདུ་འཛིས་དབེན་པའི་ཁུ་སིམ་དེ་ཡིན་ནམ།
རང་ཁྱིམ་ནི་ལུང་པའི་ཁུག་སོར་ཡོད་པའི་ཁེར་རྐྱང་གི་ཁང་པ་ཆུང་ཆུང་ཞིག་ཡིན།
རང་ཁྱིམ་ནི་ས་དང་རྡོ་ལས་གྲུབ་པའི་ཁང་མིག་གཅིག་ཅན་དེ་ཡིན་ནམ།
རང་ཁྱིམ་ནི་འོད་ཀྱི་སྒེའུ་ཁུང་གཅིག་ལས་མེད་པའི་ནག་ཁུང་ཁུང་དེ་ཡིན།
རང་ཁྱིམ་ནི་དྲོ་སོབ་སོབ་དང་ལྡན་པའི་འདམ་གྱི་ཐབ་ཀ་དེ་ཡིན་ནམ།
རང་ཁྱིམ་ནི་ཐབ་ཀྱི་དུ་བ་དོན་སའི་འོད་ཆིམ་ཆིམ་གྱི་དཀར་ཁུང་དེ་ཡིན།
རང་ཁྱིམ་ནི་ཀ་བ་གཅིག་ལས་མེད་པའི་ཁང་ཆུང་གྲུ་བཞི་དེ་ཡིན་ནམ།
རང་ཁྱིམ་ནི་ཤིང་གི་སྒོ་དང་སྒོ་གཏན་ལས་གྲུབ་པའི་ཤིང་གི་སྒོ་ཆུང་དེ་ཡིན།
རང་ཁྱིམ་ནི་རྩྭ་གདན་བཏིངས་པའི་རྡོ་ཡི་མལ་ཁྲི་དག་ཡིན་ནམ།
རང་ཁྱིམ་ནི་སྔོ་ལྷོག་ལྷོག་ཏུ་འཕྱུར་བའི་སྦུ་གུའི་དུ་བ་ཡིན།
རང་ཁྱིམ་ནི་རྡོ་དང་ལྕི་བས་བརྩེགས་པའི་ལྷས་ར་གྲུ་བཞི་དེ་ཡིན་ནམ།
རང་ཁྱིམ་ནི་འབྲི་མོའི་བཞོ་དབྱངས་ལྡན་པའི་སྐྱ་ཐིལ་ཐིལ་གྱི་མཚེར་ས་ཞིག་ཡིན།
རང་ཁྱིམ་ནི་སྙི་བའི་རླངས་པ་འཚུབ་འཚུབ་ལྡན་པའི་འབྲོག་སྡེ་ཞིག་ཡིན་ནམ།
རང་ཁྱིམ་ནི་གནམ་སྔོན་པོ་དང་སྤྲིན་དཀར་པོའི་འོག་གི་འཇམ་ཐིང་ཐིང་གི་རི་གྲོང་དེ་ཡིན།
རང་ཁྱིམ་ནི་དགའ་དུས་དགོད་ཆོག་ཆོག་དང་སྡུག་དུས་ངུ་ཆོག་ཆོག་གི་རང་དབང་གི་གཞིས་ཁྱིམ་ཞིག་དང་།
རང་ཁྱིམ་ནི་ཨ་མ་ཡོད་དུས་དྲོ་སོབ་སོབ་ཀྱི་ཆ་ཚང་བའི་ཁྱིམ་ཚང་ཞིག་དང་།
རང་ཁྱིམ་ནི་ཨ་མ་མེད་ཚེ་གྲང་ཤུར་ཤུར་གྱི་ཁེར་གདུངས་ཀྱི་གྱང་རོ་ཞིག
点赞0
收藏