རང་སེམས་སྲེད་པའི་བུ་མོ་འཇམ་དབྱངས་མ། །
ཕར་ཁའི་བདེ་ཆེན་གྲོང་དུ་འཛུམ་གྱིས་བཞད། །
ཉམ་ཆུང་ཁོ་བོའི་སེམས་སུ་ཝ་ལེ་རུ། །
ལམ་མེར་ལྡེམ་གྱིན་གཡོ་བའི་དབྱངས་མཚོ་ལགས། །
ལྷད་མེད་དྭངས་གཙང་སེམས་ཀྱི་མཁའ་ལམ་ན། །
རབ་རིབ་སྨུག་སྤྲིན་དྲི་མས་མ་གོས་ཤིང་། །
རྟག་བརྟན་འགྱུར་མེད་བྲིས་པའི་རང་མདངས་ལ། །
གྱ་གྱུ་སེམས་ཀྱིས་མ་འདྲེས་སྙིང་གི་མི། །
ལང་ཚོའི་འཇོ་སྒེག་བཞིན་རས་གཡོ་བ་ཡིས། །
ཆགས་ལྡན་དད་པའི་ཁོ་བོའི་ཡ་ཆུང་འདི། །
ངང་གིས་བཅོས་མིན་འཛུམ་གྱིས་ཕྱུག་པ་ཡིས། །
ང་གཉིས་མི་ཚེ་གཅིག་ཏུ་འགྲོགས་ན་བསམ། །
མི་རྟག་སྨུག་ལང་འདྲ་ལེ་བཞུར་བ་ཡིས། །
འདུ་བྲལ་ལས་ཀྱིས་བཀོད་སྒྲིག་བྱུང་སྲིད་ན། །
རྨ་ཁའི་ན་ཟུག་འཁྲུགས་པའི་ཡིད་སེམས་ལས། །
དགའ་བདེའི་སྐྱིད་པའི་དཔལ་ལ་རོལ་བསམ་ཅི། །
ང་དང་ཁོ་མོའི་སེམས་ཀྱི་མཛའ་བརྩེ་ཞིག །
རྣམ་དག་ཁྱེད་ལ་འབུལ་བ་བགྱི་བ་འདིས། །
ཚེ་གཅིག་འདུན་མའི་དམིགས་ལམ་གཅིག་པ་ཡིས། །
དགྱེས་འཛུམ་བདེ་བའི་སྣང་བརྙན་འབར་ན་བསམ། །
བརྩེ་སེམས་བརྩེ་བ་བྱམས་ཀྱིས་སྐྱོང་བ་ཞིག །
དུང་སེམས་དུང་བ་དུང་གི་མཚོན་པའི་བརྡ། །
མ་བཅོས་ང་གཉིས་སེམས་ཀྱི་མེ་ལོང་ན། །
མཛའ་སྦྲེལ་བརྩེ་དུངས་ཡང་ནས་དར་བར་སྨོན། །
ཁྱོད་ཀྱི་སེམས་ཤུགས་རྒྱ་བོད་དབྱིན་གསུམ་སྐྱོད། །
ང་ཡི་ནུས་ཤུགས་རིག་གཞུང་གནས་ལ་བྲེལ། །
ངེད་གཉིས་བརྒལ་བའི་འཕྲང་ལམ་རེ་རེ་ནས། །
གཞན་ལས་རྒྱལ་ཏེ་ཤིས་པའི་སྨོན་ཚིག་བརྗོད། །
ཚེ་འདིའི་ལས་དང་འབྲེལ་ནས་ཁྱེད་དང་ལྷན། །
ཐབ་ཚང་གཅིག་ལ་གོམས་པའི་དམིགས་ཡུལ་ཞིག །
འདོད་ཀྱང་ཆོས་ཉིད་གཤིས་ཀ་ལས་དབང་གིས། །
ཅི་ཞིག་སྐོས་ཀྱང་རང་ལ་ཐེ་ཚོམ་བློ། །
མདོར་ན་ཚིག་གསུམ་ཞིག་གི་སྐད་ཆ་གཅིག །
ལས་འབྲེལ་ཚེ་འདིར་འཕྲད་ནས་མི་ཚེ་ལ། །
མཉམ་འཛོམས་དགྱེས་པའི་དགོད་བརྙན་སྟོང་ཕྲག་ནས། །
དགའ་སྐྱོ་མཉམ་དུ་འཚོ་ནས་འགྲོ་བར་སྨོན། །
点赞0
收藏