རབ་མཛེས་གངས་དཀར་སྤྲིན་གྱི་ཐོར་ཅོག་ཡོད། །
ཉི་ཟླ་མགུལ་ལ་ལྷུང་བའི་གངས་རི་ཡོད། །
ཕྱུགས་རིགས་སྐར་ཚོགས་བཀྲམ་པའི་རྩྭ་ཐང་ཡོད། །
རྩྭ་ཐང་དེ་ན་ང་ཡི་སྤུན་ཟླ་ཡོད། །
གཡུ་སྔོན་མེ་ལོང་དྭངས་མའི་གཡུ་མཚོ་ཡོད། །
གཡུ་འབྲུག་ས་ལ་ལྷུང་བའི་གཙང་ཆུ་ཡོད། །
སྲིད་ན་སྙན་པས་སྐྱོམ་པའི་ཕ་ཡུལ་ཡོད། །
ཕ་ཡུལ་དེ་ན་ང་ཡི་མིང་སྲིང་ཡོད། །
ཞོགས་པར་རྟ་ཕོ་ཞོགས་པའི་འཚེར་སྐད་ཡོད། །
རྒྱང་རིང་མཚམས་སྤྲིན་ཤར་རིའི་ཟེ་བ་ཡོད། །
དུ་བ་ལྡ་ལྡི་མཁའ་ཡི་རལ་བ་ཡོད། །
རལ་བའི་མཚམས་ན་ང་ཡི་དྲན་ཤིང་ཡོད། །
ཟིར་ཟིར་རྐང་དྲུག་འཕུར་བའི་རྩེད་འཇོ་ཡོད། །
སྔོ་ལྗང་རྩི་ཤིང་ནགས་ཀྱི་སྒྲོ་ཐུལ་ཡོད། །
ནེའུ་གསིང་རྨ་བྱའི་མགྲིན་མཛེས་སྤང་ལྗོངས་ཡོད། །
སྤང་ལྗོངས་དེ་ན་ང་ཡི་སྦྲ་ནག་ཡོད། །
ཞེ་འདང་འོ་མཚོ་འཕྱུར་བའི་འབྱོར་ཕྱུག་ཡོད། །
སྙན་གྲགས་ཆུ་བོ་རྒྱས་པའི་གླུ་སྐད་ཡོད། །
སྒྲོལ་མའི་སྒོ་དར་བསྐྱོད་པའི་ཕ་ཁྱིམ་ཡོད། །
ཕ་ཁྱིམ་དེ་ན་ང་ཡི་རྐང་རྗེས་ཡོད། །
སྙིང་ལ་ཟེའུ་འབྲུ་ཆགས་པའི་མཛའ་གཞས་ཡོད། །
སྨུག་ཀློང་ནང་གི་རྫི་གླུ་སིང་སིང་ཡོད། །
ལག་པར་འོ་དྲེགས་ཆགས་པའི་འབྲོག་མོ་ཡོད། །
འབྲོག་མོ་དེ་ནི་ང་ཡི་ཆུང་འདྲིས་ཡིན། །
རབ་མཐོ་ས་འཛིན་ལྷུན་པོའི་ཕྱིང་ཞྭ་ཡོད། །
རྫ་འདབས་ཁྱུང་ཆེན་རྒོད་པོའི་གཤོག་པ་ཡོད། །
གཤོག་པའི་འདབ་མར་ཆགས་པའི་སྡེ་ཞིག་ཡོད། །
རི་སྡེ་དེ་ན་ང་ཡི་འཚོ་གནས་ཡོད། །
སྤོབས་པས་རི་བོ་སྒུལ་བའི་ལོ་རྒྱུས་ཡོད། །
ཉི་འོད་ས་ལ་འཁྱིལ་བའི་བརྩེ་ཞགས་ཡོད། །
གནམ་སའི་བར་ན་ཕ་གཞིས་འཛོམས་པོ་ཡོད། །
འཛོམས་གནས་དེ་ནི་ནོར་བུ་དགའ་འཁྱིལ་ཡིན། །
མ་ཡུམ་ཆུ་བོ་བསྟོད་པའི་སྙན་ངག་ཡོད། །
སྣོད་བཅུད་རི་མོ་བཀྲ་བའི་ཕུན་ཚོགས་ཡོད། །
ས་ཆེན་བརྩེ་བ་འགུག་པའི་གླུ་གཞས་ཡོད། །
གླུ་གཞས་དེ་ནི་སྣོད་བཅུད་སྲུང་གླུ་ཡིན། །
点赞0
收藏