首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > རྩོམ་རིག

༄༅། ། བཤེས་གཉེན་ལ་བསྟོད་པ། དཀོན་མཆོག་ཚེ་རིང་གིས།

2024-09-12 11:47:32

作者

评论
0

ཀེ་ལ་ཤ་རིས་བསྐོར་བའི་གངས་ལྗོངས་འདིར། །

ཁེ་གྲགས་དོན་དུ་མི་གཉེར་འཆད་ལ་བརྩོན། །

གེ་སར་བཅུད་ཀྱིས་རྐང་དྲུག་གསོ་བ་ལྟར། །

ངེད་ཅག་མེས་པོའི་རྗེས་རབས་སྐྱོང་ལ་མཁས། །


ཅི་ཡང་མི་ཤེས་རྨོངས་པའི་ཚོགས་རྣམས་ལ། །

ཆིལ་ཆིལ་ཆུ་མོའི་རྒྱུན་ལྟར་བཀའ་སློབ་བསྩལ། །

ཇི་སྲིད་སྲོག་གི་དབུགས་རྒྱུན་མ་ཆད་བར། །

ཉི་མ་ལྟ་བུའི་དྲོ་སྐྱིད་སློབ་མར་སྦྱིན། །


ཏུ་རེ་ལ་སོགས་ཡིག་ངོ་ཤེས་པ་དེ། །

ཐུ་མི་བཀའ་དྲིན་ཅན་གྱི་རྒྱུན་འཛིན་མཁན། །

དུ་མ་ཞིག་གི་ཞབས་ལ་གཏུགས་པ་ལས། །

ནུབ་ལ་ཁད་ཀྱི་རིག་གཞུང་ཅི་འདོད་སྦྱིན། །

པོ་ཏི་མི་ཚེའི་གྲོགས་སུ་བསྟེན་ནས་ནི། །

ཕོ་ཚོད་ཆེན་པོས་རིག་པའི་གཞུང་ལུགས་ཀུན། །

བོད་ཀྱི་རྗེས་རབས་རྣམས་ལ་སྩོལ་བའི་ཆེད། །

མོ་ཟད་རྡོ་ལ་ཐུག་ལྟར་འབད་པས་བསྐྱངས། །


ཙེ་རེར་ཁྱབ་པའི་གྲགས་པ་མི་གཉེར་བར། །

ཚེ་གང་རིག་གཞུང་སྤེལ་བའི་བཤེས་གཉེན་བཟང་། །

རྫེ་མའི་གྲངས་ལས་མང་བའི་སློབ་མ་སོགས། །

ཝེ་ལེར་བསྐྱངས་པའི་ཕན་ཡོན་གྲངས་ལས་འདས། །

ཞི་དུལ་སྤྱོད་པས་སྐལ་ལྡན་སློབ་མ་དག །

ཟི་འཐོམས་མུན་པའི་གནས་ལས་སྒྲོལ་མཛད་པས། །

འི་སྒྲའི་ཧང་སངས་བསྔཌ་བརྗོད་གྲངས་མང་གིས། །

ཡི་གེ་བསླབ་པའི་བཀའ་དྲིན་དངོས་སུ་ཚོར། །


རུ་སྟར་མང་པོ་འདུ་བའི་སློབ་མ་ལ། །

ལུ་ཆུའི་རྒྱུན་བཞིན་ཐབས་མཁས་སྒོ་ནས་ནི། །

ཤུ་རུ་སྒྲོག་ལྟར་སློབ་གསོ་བསྐྱོན་པ་ཡིས། །

སུ་ལུའི་དྲི་ཞིམ་འདྲ་བའི་སློབ་མ་བསྐྱངས། །


ཧོ་ཧོ་ཨ་མཚར་ཀ་ལིའི་ཕྲེང་བ་འདི། །

ཨེ་མ་རིག་གནས་རྒྱུན་འཛིན་སློབ་དཔོན་ལ། །

ཀུ་རེའི་ཚུལ་མིན་ཁ་ཞེ་གཉིས་མེད་ཀྱིས། །

ཨི་ཡིས་བཟི་བའི་འཆལ་གཏམ་མ་ཡིན་ལགས། །


点赞

收藏

评论
已输入0
全部评论
加载更多评论