དེ་རིང་མེ་ཏོག་རི་མོའི་མདངས་ལམ་ལམ། །
སང་ཉིན་འོད་ཟེར་སྟོང་གི་ཁྲ་ཆེམ་ཆེམ། །
རེ་བའི་སྨོན་འདུན་འབུས་པའི་སྙིང་དབུས་ནས། །
རང་ལ་འཚམས་པའི་གསེར་གྱི་མཛུབ་དཀྲིས་ཉོས། །
དེ་རིང་ཉ་གང་ཟླ་བའི་གཟུགས་མཛེས་མཛེས། །
སང་ཉིན་སྨིན་དྲུག་ཁྲ་ཚོམས་འོད་ལྷང་ལྷང་། །
རྣམ་ཤེས་གཟུགས་སུ་སྤྲུལ་བའི་དུས་ཚིགས་འདིར། །
སྨོན་འདུན་རེ་རེའི་འཁྲིས་སུ་ཡང་ཡང་ཕྱོགས། །
དེ་རིང་དགའ་སྐྱོ་ཚོར་འདུའི་འོད་ཀྲིག་ཀྲིག །
དབྱངས་ཅན་གཡུ་ཡི་འཕང་འགྲོ་འདར་ཤིག་ཤིག །
སྙན་ཚིག་གཟུགས་མཛེས་བུ་མོའི་ལང་ཚོ་ལ། །
སེམས་འདུན་ཡང་ཡང་ཕྱོགས་པ་འདི་ཙམ་མིན། །
དེ་རིང་སྨོན་ཚིག་བརྗོད་པའི་འུར་དིང་དིང་། །
སང་ཉིན་རྟེན་འབྲེལ་གཏམ་གྱི་སྙན་སིལ་སིལ། །
ཁ་གཡང་སྟོང་གི་སྙིང་བཅུད་སྙན་པའི་ངག །
འཚོ་བའི་ཡང་སྙིང་སེམས་ཀྱི་དྲོད་ཁོལ་ཡིན། །
གཙང་ཆུ་དྭངས་མོའི་ནང་ན་སེམས་པ་ཡོད། །
རང་སེམས་དབྱངས་སུ་གྱེར་བའི་མགུར་གླུ་ཡོད། །
འཁོར་བའི་མི་རྣམས་མགུ་བར་མ་གྱུར་ཡང་། །
རེ་འདུན་མཐའ་དག་རུས་པའི་དཀྱིལ་དུ་བྲིས། །
རི་བོ་མཛེས་སའི་གམ་ན་རེ་འདུན་ཡོད། །
སྨོན་ལམ་བཟང་པོས་བརྒྱན་པའི་དབྱངས་རྟ་ཡོད། །
ཇི་ལྟར་བསམས་ཀྱང་རང་གི་འཚོ་བ་ལ། །
སེམས་གྲོགས་སྙན་ངག་ཡོད་པས་ཞེ་བློ་བདེ། །
གྲོགས་ལ་བྲིས་པའི་རི་མོ་ཆུ་ཡིས་བསུབ། །
འདང་བརྩེའི་རྨུ་ཐག་གནས་པའི་དུས་མ་ཡིན། །
བག་ཆགས་ཟབ་པའི་མིང་དང་ཐ་སྙད་དག །
ཡུན་དུ་སེམས་སུ་འདྲིས་པས་སྤྲོ་བས་ཁེངས། །
དགའ་ཚེ་འཁྱོག་གཏམ་ཅི་ཡང་བྲིས་ན་ཆོག །
སྐྱོ་བའི་དུས་སུ་སྡུག་གཏམ་བཤད་ཀྱང་ཆོག །
དགའ་སྐྱོའི་དཔུང་རོགས་སེམས་ཀྱི་དབྱངས་རྟ་ལ། །
ཁེར་སྡོད་མི་ཚེའི་འགྲོ་རོགས་འདུག་རོགས་ཡིན། །
ཕལ་པའི་མི་ཚེ་སྐྱོ་བའི་འགྱུར་ཁུགས་ཡིན། །
རེ་དོགས་ཧ་ཅང་མང་བའི་འཁྲུལ་སྣང་གིས། །
གྱ་གྱུའི་སེམས་ཀྱི་འདུ་བ་འཕྲོས་ཚུལ་དག །
ཁྱོད་རང་ཁོ་ནས་མཚོན་ཐབས་བྱས་པ་ཡིན། །
དུས་ཚིགས་འདི་ལ་རང་ཉིད་རང་གིས་འབྲི། །
རེ་འདུན་ཟབ་སའི་ཁྱོད་དང་ལྷན་དུ་འབྲི། །
སེམས་ཀྱི་དཔུང་རོགས་སྙན་པའི་སྡེབ་སྦྱོར་ལ། །
རྣམ་ཤེས་ཁྱེད་ལ་ཞེན་ཚུལ་ཡང་ཡང་འབྲི། །
点赞
收藏