མཐའ་མེད་འཇིག་རྟེན་འཁོར་བའི་རི་གྲོང་ནས། །
ཁོ་མོའི་འགྲུལ་བཞུད་རིང་མོའི་མི་ཚེ་ནང་། །
རྟོག་སྣང་སེམས་ཀྱི་འཆར་ཡན་རི་མོའི་ཚོགས། །
ཚིག་འབྲུ་གསོན་པོར་འབེབ་པ་ཁོ་མོའི་གཤིས། །
ལོ་ཟླའི་བཞུར་རྒྱུན་སྐད་ཅིག་ཙམ་གྱིས་འདས། །
དྲན་པའི་མཚོ་ངོགས་རླབས་ཀྱི་ཟེགས་མ་འཐོར། །
ཀྱག་ཀྱོག་འཚོ་བའི་བཞུད་ལམ་རིང་མོ་ནས། །
སྣང་བ་དབྱངས་སུ་འགུག་པ་ཁོ་མོའི་གཤིས། །
ན་ཚོད་འཇའ་ཚོན་བཞིན་དུ་སྐད་ཅིག་ཡལ། །
སྣང་བ་རྨི་ལམ་བཞིན་དུ་ཡུད་ཀྱིས་འཇིག །
ལན་ཆགས་འཁོར་བའི་ལས་ལ་འཛད་མེད་ཀྱང་། །
ཚོར་བ་རི་མོར་ཕབ་པ་ཁོ་མོའི་གཤིས། །
ནམ་ཟླ་དུས་བཞིའི་ཁ་དོག་འགྱུར་བ་ཡིས། །
འདས་སོང་ལོ་ཟླའི་སྣང་བརྙན་ཡིད་ངོར་གཟན། །
སེམས་པ་སྙི་མོ་དགའ་སྐྱོའི་རླུང་གིས་ཁྱེར། །
སྨྲེང་བ་དབྱངས་སུ་གྱེར་བ་ཁོ་མོའི་གཤིས། །
ཟང་ཟིང་སྒྱུ་མའི་གྲོང་གི་འཇིག་རྟེན་ནས། །
ཡོད་ཚད་མགུ་བའི་དུས་ཤིག་ཐོན་དཀའ་ཡང་། །
དགའ་སྡུག་སེམས་ཀྱི་ཚོར་བའི་རི་མོ་དག །
སྙན་ངག་ཀློང་དུ་བཞེངས་པ་ཁོ་མོའི་གཤིས། །
རྩྭ་ཐང་གཡུ་གདན་སྔོན་མོའི་པང་ཁུག་ནས། །
སྨྲེང་བ་རི་ལ་ཤོར་བའི་སེམས་པ་འདི། །
དགའ་སྐྱོ་རེས་སུ་འཁོར་བའི་འཇིག་རྟེན་འདིར། །
སེམས་ཚོར་དབྱངས་ལ་འདྲེན་པ་ཁོ་མོའི་གཤིས། །
དགའ་སྐྱོ་ཆགས་སྡང་གླེང་བའི་རབ་ཁ་ནས། །
བརྩེ་བའི་མེ་ཏོག་ཁྱོད་ཀྱི་འཁྲིས་སུ་བཞད། །
དུང་སེམས་ཀུ་མུད་ཚོན་མདངས་མ་ཡལ་ན། །
ཕྱི་ཐག་དམ་ཚིག་གཙང་བ་ཁོ་མོའི་གཤིས། །
点赞
收藏