འཇའ་རིས་སྣེ་མོར་འཁྱུད་པའི་མཚར་སྣང་བློ་ཁ། །
ཁྲ་ཆིལ་མེ་ཏོག་ཚལ་གྱི་བག་ཡངས་ལོངས་སྤྱོད། །
ཨུ་ཚུགས་ངུད་མོའི་ཕག་གི་ཀ་ར་བུ་རམ། །
མ་མའི་གནའ་གཏམ་ནང་གི་སྒྱུ་མའི་ཡུལ་ལྗོངས། །
འཆར་ཡན་འོད་ཀོར་འཚེར་བའི་བྱིས་དུས་རྨི་ལམ། །
ཤེས་བྱའི་འཇུག་ངོགས་རྩེན་པའི་གོམ་སྟབས་ཐོག་མ། །
ཀ་ཁའི་སྦྱོར་ཀློག་སིམ་པའི་དབྱངས་འགྲོས་སྙན་མོ། །
ནང་སེམས་དུང་བས་སྐྱོམ་པའི་ཡིད་འགྱུ་དྭངས་གཙང་། །
བསམ་བློའི་ཞལ་ཁ་འབྱེད་པའི་དུས་ཚིགས་ལྗང་གུ། །
མ་སྨིན་རྒྱང་རིང་ཞོགས་པའི་ལང་ཚོའི་རྨི་ལམ། །
གནག་ཕྱུགས་དཀར་ནག་རྩིབ་ཀྱི་རྫི་བོའི་ལས་དབང་། །
རི་ལུང་རྡོག་པས་གཤགས་པའི་སུག་རྗེས་ཧྲལ་ཧྲུལ། །
འདང་བརྩེ་རླུང་གིས་གཏུབས་པའི་ཚིགས་མལ་སྐྱ་བོ། །
སྐྱིད་སྡུག་དབུ་ཁྱུད་རྩོམ་པའི་དུས་ཀྱི་མགོ་རྔ། །
སྤྱི་ཚོགས་གྲུ་གར་ཉུལ་བའི་འཚོ་ཚིས་རྨི་ལམ། །
དམར་སེར་ངུར་སྨྲིག་སྡེ་པའི་གྲལ་མཐར་ཚུད་ནས། །
གཞུང་ལུགས་འདི་ཕྱིའི་ཐེམ་སྐས་འཛེག་པར་རྩོམ་གྱིན། །
འཛད་མེད་བཅུ་ཕྲག་རིག་པའི་གནས་ལ་སྙེག་སྟེ། །
གཏན་འདུན་ངེས་ཤེས་རྙེད་པའི་སེམས་རྟེན་དྲོན་མོ། །
མི་ཚེའི་འགྲུལ་ལྡོག་ཁྲོད་ཀྱི་སྐལ་བཟང་རྨི་ལམ། །
དབེན་པའི་བཙན་ས་ཟིན་པའི་ཐབས་ཀྱི་སྒྲོམ་བུ། །
ཐོས་བསམ་རིག་པའི་ལྡེ་མིག་དེ་གས་ཕྱེས་ཏེ། །
རྟེན་འབྱུང་སྟོང་ཁམས་སྔོག་པའི་མགྲིན་པའི་གད་རྒྱངས། །
སེམས་ཀྱི་རེ་ཁ་འཛིན་པའི་གཤིས་སུ་གྲུབ་པ། །
སྨོན་སེམས་ཞེ་རུ་ཐོགས་པའི་འབྱུང་འགྱུར་རྨི་ལམ། །
点赞
收藏