ཡང་དག་རིག་པའི་ལམ་ལ་འཁྲིད་ནུས་པའི། །
བྱམས་བརྩེའི་བདག་པོ་མཆོག་གྱུར་རྗེ་ཉིད་ནི། །
མ་གྱུར་སློབ་ཚོགས་འདུས་པའི་སྟོན་པ་ཁྱེད། །
དུས་བཟང་སྐར་བཟང་ཚེས་པར་ཚིག་གིས་བསུ། །
ཤ་དང་རུས་པ་དཀར་ལ་ལྷག་བསམ་དྭངས། །
མེས་པོའི་སྲོག་གི་རིག་གཞུང་ཡང་དག་འཚོ། །
བླངས་དོར་མ་འོངས་ལམ་གྱི་བདེན་དོན་སྐྱོང་། །
འོད་འགྱེད་སློབ་ཚོགས་ཉིན་བྱེད་ཁྱེད་ལས་སུ། །
ཀ་ཁ་དབྱངས་གསལ་སོ་བཞི་དབྱངས་སུ་གྱེར། །
མི་རིགས་སློབ་གསོ་མི་ཉམས་གོང་དུ་སྤེལ། །
གཉོམ་ཆུང་ཉ་མའི་ཚོགས་ལ་དུང་ཞེན་ཅན། །
དགེ་རྒན་བཀའ་དྲིན་ཅན་གྱི་དུས་ཆེན་བསུ། །
ཚེ་སྲོག་འབེན་ལ་བཙུགས་ཏེ་འབད་འབུངས་ཀྱིས། །
མེས་པོ་ཕ་མའི་ཤུལ་བཞག་རིག་གཞུང་ཀུན། །
སྐད་ཅིག་སྐར་ཆ་ཙམ་ཡང་མ་བརླག་པར། །
གཞུང་ལུགས་ཇི་བཞིན་སྐྱོང་བའི་དགེ་རྒན་བཟང་། །
དགོངས་པའི་ཐུགས་བསྐྱེད་ཅི་བསམ་ལྷུན་གྱིས་འགྲུབ། །
མཛད་དང་འཕྲིན་ལས་ཡར་ངོའི་ཟླ་བཞིན་འཕེལ། །
བཀའ་དྲིན་ཆེ་བའི་དགེ་རྒན་དུས་ཆེན་འདིར། །
ཚིགས་བཅད་འདི་ཡིས་སྨོན་ལམ་ཡང་ཡང་འདེབས། །
点赞
收藏