首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > རྩོམ་རིག

༄༅། ། ཞུ་ཡིག་དབྱངས་ཀྱི་ལང་ཚོ། རང་མདངས་ཀྱིས།

2024-09-05 11:03:01

作者

评论
0

ངག་རིག་རྒྱ་མཚོ་འཁྱིལ་བའི་ལྟེང་ཀ་ལ། །    

མགུར་དབྱངས་ཚིག་གི་རྦ་རླབས་ལང་ལོང་འཕྱུར། །    

འགྲན་མེད་འགྱུར་ཁུག་ཟབ་མོའི་དངོས་གྲུབ་ཀུན། །  

བདག་འདྲའི་རྨོངས་མུན་བློ་ལ་བསྩལ་དུ་གསོལ། །  


ལྔ་ཟུང་ཤེས་རིག་བཀྲ་བའི་ཁང་བཟང་ལ། །   

མཁྱེན་ཡངས་ཤེས་ཡོན་ཀུན་གྱི་གཙུག་གི་རྒྱན། །

མི་ཕྱེད་དད་བརྒྱས་རོལ་བའི་བདག་འདྲ་ཡི། །  

མི་འབྲལ་སྤྱི་བོའི་གཙུག་ན་གཏན་དུ་བསྙེན། །


ཚོར་མགུར་དབྱངས་ལ་མོས་པའི་དད་ལྡན་འདིའི། །   

ལོ་ཟླའི་སྣང་སེམས་ཡུག་གཅིག་ཤོག་དཀར་ལ། །   

འགྲོས་ལྡན་དབྱངས་ཀྱི་ང་རོ་ཚིག་གིས་བརྒྱན། །   

ཡིད་འོང་སེམས་སུ་སྨན་ལ་གྲོགས་ཤིག་ཀྱེ། །


ལུས་ལ་དར་སྐུད་ཁྲ་མོས་བརྒྱན་པ་མོ། །  

མགྲིན་ལ་སྙན་པའི་ཁུ་བྱུག་ཐོགས་པ་མོ། །   

ཐུགས་ལ་ཉི་ཟླའི་འོད་དཀར་དཔྱང་བ་མོ། །    

འགྲན་མེད་དབྱངས་ཅན་གང་གིས་བདག་ཡིད་སྐྱོངས། །


ངག་ལ་དཔལ་ཐོབ་ངག་གི་འཇོ་སྒེག་མ། །

བརྩེ་ལྡན་ཡུམ་གྱུར་ཚངས་པའི་སྲས་གང་དེ། །

སྤྲིན་དཀར་བང་རིམ་བཞི་ཡི་དཀྱིལ་འཁོར་ནས། །

དད་འདུན་བདག་གི་ཡིད་མཁར་ཤིས་པར་སྒྲུབ། །


དགའ་སྐྱོ་འདུ་འབྲལ་རྒོད་པའི་ཡིད་ཀྱི་ཚོར། །

ཀ་ཁའི་དབྱངས་གསལ་སྟར་པའི་ཤོག་དཀར་ལ། །

ཕྱི་ནང་ཡོན་ཀུན་ཕབ་པའི་ཡིག་འབྲུ་རུ། །

དགེ་བའི་བཤེས་གཉེན་གང་གིས་མཐུན་འགྱུར་མཛོད། །


མགྲིན་པ་རྒྱ་མདུད་གྲོལ་མཁན་སྙན་འཇེབས་མ། །

ལྷན་སྐྱེས་ངག་ལ་དབང་ཐོབ་འཇོ་སྒེག་མཁན། །

ཁྱོད་ཞུ་དབྱངས་ཀྱི་ལང་ཚོའི་བརྡ་ཡིག་ལས། །

ཁྱོད་ཉིད་ཞལ་མཇལ་སྨོན་པ་ཚིག་གིས་སྐུལ། །


དཀར་འཇམ་ཡིད་འཕྲོག་ཞལ་རས་ཟླ་བའི་འཛུམ། །   

མཆུ་དམར་བྱུ་རུའི་ཕྲ་རྒྱན་འོད་ཀྱི་ཟིལ། །   

འགྲོ་མང་ཚ་གདུང་སེལ་མཛད་དབྱངས་ཅན་མ། །   

ད་དུང་བདག་ལ་དངོས་གྲུབ་སྐལ་བཟང་སྩོལ། །


མདངས་ཆགས་འོད་གསལ་རྫོགས་པའི་མཛེས་སྡུག་མ། །

མགྲིན་སྙན་ཚངས་སྲས་གླུ་ཆུང་ངག་གི་འཕྲུལ། །   

ཐུགས་ཀར་ཡིད་བཞིན་བང་མཛོད་མཁྱེན་པའི་གཏེར། །

མ་ལུས་འགྲོ་བའི་སྤྱི་བོར་དང་དུ་ལོངས། ། 


点赞

收藏

评论
已输入0
全部评论
加载更多评论