首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > རྩོམ་རིག

༄༅། ། ཆར་སིམ་ཁྲོད་ཀྱི་དྲན་གདུང། སྨིན་རུང་འབྲས་བུས།

2024-08-12 11:08:41

作者

评论
0

བཅོས་མིན་ལས་དབང་སྤྲིན་པ་རླུང་གིས་དེད་ནས། །

ལྟེ་ཁྲག་དམར་པོ་ས་སྟེང་ལན་གཅིག་འཐོར་ཞིང་། །

རྨི་ལམ་ལོངས་སྤྱོད་རོལ་བའི་མི་ཚེའི་བདེ་སྡུག །

དྲན་པའི་དུར་ཐང་ངོས་སུ་ལམ་ལམ་གསལ་འདུག །

 

ཁ་བ་ཆར་དུ་འགྱུར་བའི་དུས་ཚིགས་སླེབས་ཏེ། །

རི་ཀླུང་སྔོ་ལྗང་གོས་ཀྱིས་མངོན་པར་མཛེས་དུས། །

བརྩེ་བའི་གླུ་ཆུང་ལེན་པའི་ན་མཉམ་ཕོ་མོ། །

མཉམ་འགྲོགས་རྩེད་འཇོའི་ནམ་ཟླ་ལྷང་ངེར་དྲན་བྱུང་། །

 

རྒྱང་རིང་གཞན་ཡུལ་འགྲིམ་པའི་ལམ་བུའི་སྟེང་དུ། །

བཅོས་མིན་སེམས་ཀྱི་མགྲོན་པོ་གཞི་ལ་བསྐྱིལ་ཏེ། །

སྙན་ཚིག་ངག་རིག་བདུད་རྩིའི་ཕུད་ཕོར་བཏེགས་ནས། །

དྲན་གདུང་གླུ་ངག་དྲི་ཟའི་དབྱངས་རྟ་དཀྲོལ་ཡོད། །

 

མི་ཚེའི་ཟློས་གར་འཁྲབ་པའི་གར་སྟེགས་སྟེང་དུ། །

ང་ནི་སྒྱུ་རྩལ་མེད་པའི་འཁྲབ་མཁན་འདྲ་ཡང་། །

རྒྱང་ཐག་རི་ཆུས་བཅད་པའི་ཆུང་གྲོགས་གང་གི། །

དྭངས་གཙང་ཕན་པའི་གསོས་སྨན་ཡིད་ལ་བརྣགས་ཡོད། །

 

ལང་ཚོའི་མེ་ཏོག་ལྡུམ་རའི་ནང་དུ་བཞད་ཀྱང་། །

རེ་བའི་སེམས་པ་ཉི་མའི་དྲོད་ལ་གདུང་བཞིན། །

གཙུག་ལག་དགུ་ཚིགས་སྐྱ་མོའི་བཞིན་ལ་བལྟས་ཀྱང་། །

རྟོག་འཆར་རོལ་མོའི་བགྲོད་པ་ཁྱོད་ལ་ཕྱོགས་སོང་། །

 

དབྱར་སྐྱེས་རྔ་གསང་ཞིག་གིས་རྨི་ལམ་དཀྲོགས་ཏེ། །

ཆུ་འཛིན་ལང་ལོང་ངོས་ནས་ཆར་སིམ་འབབ་དུས། །

འཁོར་བའི་སྣང་བརྙན་སྦྲུམ་པའི་ཁྱོད་ཀྱི་གདོང་རིས། །

བཅོས་མིན་སེམས་ཀྱི་གྲོང་ལ་ཡང་ཡང་འཁོར་ཡོང་། །

 

ཚང་ཚིང་རྒྱ་ལྕང་ཁྲོད་དུ་སྐྱོ་གསང་སོང་བས། །

བྱེའུ་ཆུང་སྐད་སྙན་རྣ་བའི་བུ་གར་ལྷུང་དུས། །

མ་བྲིས་མི་ཚེའི་རི་མོ་དབྱངས་སུ་གྱེར་བའི། །

དགའ་སྐྱོའི་སྙིང་གཏམ་གླེང་བའི་གླུ་སྐད་དྲན་བྱུང་། །

 

སྔོན་ཆད་སྒྱུ་རྩལ་སེམས་ངོ་མ་འཕྲོད་རྐྱེན་གྱིས། །

ཚོར་བའི་ལོངས་སྤྱོད་ཡིད་ལ་དགའ་འོས་མ་བྱུང་། །

དེང་སྐབས་དྲན་པའི་ངོས་སུ་ཤར་བའི་སྒྱུ་རྩལ། །

རོ་བཅུད་མང་པོས་བལྟམས་པའི་ཞིམ་ཟས་འདྲ་ཨང་། །

 

འཚོ་བ་ལོངས་སྤྱོད་ལྡན་ཡང་དགའ་འོས་མ་མཆིས། །

མེ་ཏོག་མིག་ལ་མཐོང་ཡང་མཛེས་སྣང་མི་ཡོང་། །

འཇིག་རྟེན་དགའ་བ་སྟེར་བའི་བརྩེ་ཞགས་དེ་ཡིས། །

ཡོད་ཚད་ལེགས་པའི་ཕུན་ཚོགས་གཡང་དུ་བཀུག་ཡོད། །


点赞

收藏

评论
已输入0
全部评论
加载更多评论