ན་གཞོན་ལགས།
སྣང་བ་སྤྲིན་དཀར་དང་འདྲེས་པ་ཐུགས་ཁག་མི་འདུག་སྟེ།
ལང་ཚོའི་ཟུངས་ཁྲག་རྒྱས་པའི་གཞོན་ནུའི་དུས་སུ།
སེང་གེའི་གཡུལ་རལ་གསེད་པའང་གཏམ་རྒྱུད་ཅིག་མ་རེད།
ན་གཞོན་ལགས།
སྤོབས་པས་རི་བོ་འདྲུད་པའང་ཐུགས་ཁག་མི་འདུག་སྟེ།
ཕ་མའི་གཅེས་པས་གསོས་པའི་དུང་གི་དཔུང་པས།
འབྲོང་རྒོད་ཀྱི་རྭ་ཐུར་བྲེགས་པ་ཡང་ལྷ་སྒྲུང་ཞིག་མ་རེད།
ན་གཞོན་ལགས།
ཟུར་མིག་མདའ་མོ་འཕེན་པ་ཐུགས་ཁག་མི་འདུག་སྟེ།
བརྩེ་བས་ཁ་གཏད་དུ་འགྲེང་བ་མངོན་སུམ་རང་ཡིན་པས།
མཛའ་བརྩེའི་མེ་ཏོག་འཁྲུངས་པའང་འདང་འདུན་རང་ཉིད་རེད།
ན་གཞོན་ལགས།
ཚོར་བས་ལུག་ཁྱུ་དེད་པ་ཐུགས་ཁག་མི་འདུག་སྟེ།
ཡིད་འོང་འབའ་ཞིག་གྲུབ་པའི་འཁོར་བའི་གཡུ་གཞོང་།
འཇོ་སྒེག་གིས་སྟངས་སྟབས་ངོམ་པ་ཚུལ་མཐུན་ཞིག་ཅིས་མིན།
ན་གཞོན་ལགས།
སྐྱོ་སྐྱོའི་ཆང་ཕོར་བཏེགས་པ་ཐུགས་ཁག་མི་འདུག་སྟེ།
དུང་བའི་ཁ་ཆད་གཏོར་བའི་དམོད་མོའི་མཚོན་ཆས།
ངང་སྒུག་གིས་ལོ་ཟླ་བསྲེགས་པའང་བདེན་པ་རང་ཡིན་ནོ།
点赞
收藏