སྤྲིན་བྲལ་སྟོན་དུས་ཟླ་བ་སྐར་མས་བཅིངས། །
ལེ་དབར་ཁྲི་སྟོང་ཆོད་པའི་ས་མཐའ་ནས། །
ལན་མང་ཅེར་ཡང་ངོམས་པའི་གོ་སྐབས་འཕྲོག །
མཚན་འདིའི་རིང་ཐུང་ཚེ་དང་མཉམ་ན་བསམ། །
དཀར་གསལ་ཟླ་བའི་ཟེར་མདངས་མིག་ལ་འཕྲོ། །
རྒྱང་རིང་བྱམས་པའི་བཞིན་རས་ཡིན་སྙམ་ཏེ། །
འཛུམ་པའི་མདངས་ཀྱིས་བསུས་ཤིང་སྙན་ངག་བྲིས། །
སྤྲིན་ནག་ལྷན་པས་སྒྲིབ་དུས་མིན་པར་ཤེས། །
དྲན་གདུང་ཁུར་པོ་ལྗིད་པོས་ཉིན་མཚན་མནན། །
སྙིང་དབུས་རུས་པའི་ཚིགས་ལ་གས་ཆག་མང་། །
དྲན་སེམས་གཅོང་གིས་མནར་བའི་ནད་པ་ཡང་། །
བརྩེ་དུང་བྲག་རི་ལྷུན་པོའི་རྩེ་མོར་འཛེགས། །
ཆུང་འདྲིས་བྱམས་པའི་སེམས་པ་མེ་ཏོག་བཞིན། །
ཆགས་ལྡན་རྐང་དྲུག་གཞོན་ནུའི་ཞེ་ལ་ཐོགས། །
སྦྲང་སྐྱེས་ལས་ཀྱང་མངར་བའི་བརྩེ་དུང་བཅུད། །
ཉམས་སུ་མྱོང་བའི་དབྱར་དུས་སྨིན་པ་ལགས། །
སྒེག་པའི་ལང་ཚོ་དབྱར་ཟླའི་དུས་དང་འགྲོགས། །
བརྩེ་བའི་དུང་སེམས་ཆུ་ནང་ཉ་ལྟར་ཟབ། །
མཛའ་བརྩེའི་ཕྱི་ཐག་གཙང་པོའི་རྒྱུན་བཞིན་རིང་། །
ལས་འཕྲོའི་རྟ་ཕོས་མཉམ་དུ་འཛོམས་པར་བྱེད། །
点赞
收藏