རྒྱང་རིང་འཕུར་བའི་ཕྱེ་ལེབ་ཁེར་འགྲོ་ཞིག །
རླུང་བུས་འཁྱེར་ནས་ངེས་མེད་ཡུལ་དུ་སོང་། །
སེམས་སུ་ཁ་བའི་འདབ་མ་འཐོར་འགྱུར་ན། །
ང་རང་ས་མཐར་འགྲིམ་པ་སྨྲ་མི་དགོས། །
རི་རྩེ་ཆུ་འཛིན་འཁྲིགས་པའི་འདུ་འགོད་ཀྱིས། །
སྣང་བའི་ཁམས་ལ་སྐྱོ་བའི་ན་བུན་བསླངས། །
ཡུ་མོས་གཞས་ཆུང་ཉན་པའི་སྣང་བརྙན་དེ། །
སེམས་ཀྱི་ཕྱི་ནང་མཚོན་པའི་ཕྱག་རྒྱ་ཡིན། །
འདི་ནས་གཏམ་རྒྱུད་ཅིག་གི་དབུ་ཁྱུད་བྲིས། །
འདི་ནས་ལས་དབང་དམར་པོའི་ཐོབ་བསྐལ་རྙེད། །
འདི་ནས་ཚིགས་བཅད་རེ་འགའ་སྤེལ་བ་ཡིས། །
མི་ལའི་མགུར་འབུམ་ནང་གི་མི་སྣ་དྲན། །
ཡང་ན་མཚོན་ཐབས་གཞན་ཞིག་གླེང་བ་ཡིས། །
སེམས་ཚོར་མེ་ཏོག་ཟིལ་པ་འདི་ནས་འཐོར། །
ངག་གི་མགུར་ཆེན་མགུར་ཆུང་བླངས་དང་ལྷན། །
རང་སེམས་གཉུག་མའི་གཤིས་སུ་སྦྱར་བ་ཡིན། །
འཚོ་བའི་འཇའ་ཚོན་ནང་གི་བུ་མོ་དྲན། །
བུ་མོའི་འཛུམ་མདངས་དྭངས་མོ་ཡང་ཡང་དྲན། །
དྲན་མགུར་དབྱངས་སུ་གྱེར་བའི་གྲུ་ཁ་ནས། །
རང་ཉིད་གཞི་ནས་བོར་བའི་གཏམ་ངན་ཐོས། །
འཚོ་བ་ཐབས་ཆག་ཅིག་ལ་སེམས་པ་ཐོགས། །
མགུར་གླུ་ལྗོན་པའི་མགོ་ལྕོག་ལྡེམ་ལྡེམ་གཡོས། །
འཁོར་བའི་མེ་ལོང་ནང་གི་ང་དང་ཁྱོད། །
སྲིད་པའི་སྒྲུང་གཏམ་ཞིག་གི་མི་སྣ་ཡིན། །
ལས་ཀྱི་ཡིག་འབྲུ་སྐེ་ལ་བཏགས་པ་ཡིས། །
བརྩེ་བའི་ཕྱི་ཤུན་ཞིག་གིས་བསླད་ནས་བཟུང་། །
འཁོར་བའི་ལ་གཞས་དེ་ནས་གྱེར་དགོས་བྱུང་། །
རྣམ་ཤེས་དབྱངས་སུ་སྦྱར་ཚུལ་འདི་ལྟར་ལགས། །
མི་ཚེ་ཞེས་པ་ཤིན་ཏུ་ཐུང་གྱུར་ཡང་། །
སྣང་བ་ཡངས་མོའི་གཤིས་སུ་གོམས་པ་ན།
སྡུག་གི་སྨྲེ་སྔགས་འདོན་དགོས་མི་འབྱུང་ལ། །
མིག་ཆུའི་གཙང་པོ་འཁྱིལ་དོན་གང་ནས་ཡོད། །
点赞
收藏