དཀར་དམར་གྱི་རང་མདངས་མངོན་པའི་ལང་ཚོའི་མེ་ཏོག་འགའ།
ས་ཁྱོན་གྱི་པང་དུ་འཐོར་ཞིང་དགའ་སྐྱོར་འདྲེས།
རྩྭ་ཐང་ལ་རོལ་བའི་བྱིས་པས་ཁྱོད་ཀྱི་ལང་ཚོ་མཛེས་སྡུག་ཏུ་སྒོམ་གྱིན།
འཚོ་བའི་མདུན་རྒྱབ་ནས་ལྷད་མེད་ཀྱི་འཛུམ་མདངས་ངོམས།
བསིལ་རླུང་ཁྲོད་ཀྱི་ཁྱོད་ཀྱི་གར་སྟབས།
ཅི་འདྲའི་ཡིད་དུ་འོང་ཞིང་ལྟ་ན་སྡུག
ཁྱོད་ཀྱི་ལྡེམ་འཁྱུག་གི་སྟངས་སྟབས་རེ་རེས།
མི་ཚེ་ལ་སྤྲོ་སྣང་གི་ཆར་ཆུ་འབེབ་ཀྱིན་འདུག
འཚོ་བ་ལ་དྲོད་ཁོལ་གྱི་སྣུམ་རྩི་འབྱུག་གིན་འདུག
གནམ་ནས་བབས་འདྲའི་བདུད་རྩི།
སྣོད་བཅུད་ཀྱི་ས་ཞིང་སྐྱོང་བའི་ཆར་ཆུ།
ཨ་སྔོན་གྱི་དབུས་ནས་ཕེབས་པས།
མེ་ཏོག་གི་འདབ་མ་ལྷུག་པོར་བཞད་ཅིང་དྲི་བསུང་འཐུལ།
ང་ཚོའི་འཇིག་རྟེན་ལ་སྔར་བས་མཛེས་སྡུག་ལྡན།
དཀའ་སྡུག་གི་རྨ་ཁ་གསོས་ཤིང་།
སྤྲོ་སྣང་གི་མྱུ་གུ་སྨིན་པའི་དབྱར་ཁ་ལགས།
ཁྱེད་ནི་དྲན་ཤིང་གི་རྡོ་རིང་ཞིག
点赞
收藏