མེ་ཏོག་ཅིག་བཞད་ནས་ཡུན་རིང་འགོར།
མེ་ཏོག་དེ་ལ་འདབ་མ་ཞིག་ཡོད་པ་ནི་སྐྲ་ལོ་རེད།
མེ་ཏོག་དེ་ལ་སྦྲང་མ་ཡང་ཡང་འཁོར་བ་ནི།
མིག་གི་བུང་བ་ཀེམ་ཀེམ་དུ་གཡོ་བ་ཡིན་ནམ།
མེ་ཏོག་ཅིག་བཞད་ནས་ཡུན་རིང་འགོར།
ཁེར་རྐྱང་དུ་གནས་པའི་བར་སྐབས་རེ་རེའི་ནང་།
ཡིད་མྱ་ངན་གྱིས་གདུང་སྟེ།
སུ་ལའང་ངག་དཀྲོལ་འདོད་མེད་པ་ཆགས་ཀྱི་ཡོད་དམ།
མེ་ཏོག་ཅིག་བཞད་ནས་ཡུན་རིང་འགོར།
དཔྱིད་ཀ་མ་སླེབས་གོང་ལ།
མེ་ཏོག་དེས་དགུན་ཟླ་གསུམ་གྱི་རིང་ལ།
ཐག་རིང་གི་ཕྱེ་མ་ལེབ་ཡང་ཡང་དྲན།
ཐག་རིང་གི་ཕྱེ་མ་ལེབ་ཀྱིས་ཀྱང་མེ་ཏོག་ཡང་ཡང་དྲན།
ད་ལྟ། དཔྱིད་ཀ་སླེབས་ཟིན་ནའང་།
མེ་ཏོག་དེ་དང་ཕྱེ་མ་ལེབ་གཉིས།
མཉམ་འཛོམས་ཀྱི་དུས་ཚོད་དེ་ལྟར་དབེན་ནམ།
དུས་ཚིགས་གང་ལའང་འབྲེལ་བ་མེད་པའི་མེ་ཏོག་དེ་དང་།
གཤོག་པ་མེད་པའི་ཕྱེ་མ་ལེབ་གཉིས།
ད་ལྟ། སྐྱོ་སྣང་གཞན་ཞིག་གི་སྣེ་མོ་ནས་བརྩམས་ཏེ།
འདུ་འཛོམས་ཀྱི་རེ་བ་རྒྱུན་ཆད་མེད་པར་གནས་སམ།
点赞
收藏