ས་རྒྱུས་མེད་བས་མཐའི་གནས་ཚང་ཞིག་ནས། །
སེམས་སྣང་དོགས་སྒྱུ་མའི་ཤུགས་གླུ་རིང་མོ། །
ངག་དབྱངས་ཀྱི་སྦྲང་ཆར་ཟིམ་ཟིམ་འབབ་པའི། །
མ་ཚངས་སྲས་ཤིས་པའི་འདབ་མ་སྙིལ་རོགས། །
ཐུགས་ལྷོད་ཉམས་བཞུགས་པའི་ངག་གི་ལྷ་མོ། །
དགུང་ཨ་སྔོན་མཐའ་ཡི་སྤྲིན་དཀར་ལྷ་མོ། །
འབྲོག་སྦྲ་ནག་དཀྱིལ་གྱི་བརྩེ་བའི་ལྷ་མོ། །
དུས་མ་འདས་གོང་ནས་བདག་ལ་གཟིགས་རོགས། །
གངས་རི་བོའི་རྩེ་ཡི་ཕར་བལྟས་མཛེས་མ། །
བུ་དར་མེད་སྨྱོན་པའི་ཚུགས་ཀ་མཐོང་ཡང་། །
ཡིད་དད་པའི་བློ་རྩེ་འགྱུར་བ་མ་མཆིས། །
ངག་འགྱུར་ཁུག་སྙན་མོའི་གདམས་ངག་སྩོལ་རོགས། །
གནས་ངེས་མེད་འཁོར་བའི་རི་གྲོང་དེ་ནས། །
ཟས་བསོད་སྙོམས་ཁ་ལ་རེག་ཆེད་མ་འབད། །
མ་ཁྱེད་ཀྱི་བརྩེ་སེམས་ཡིད་ལ་འཆང་ནས། །
ཆུང་བྱིས་དུས་ནང་བཞིན་ད་ཆར་ཐུག་ཡོད། །
དགུང་ཉི་ཟླའི་འོད་ལ་རེ་བ་འཆང་ནས། །
གཞི་འཁོར་བར་མ་བརྩོན་སྤྲང་པོ་གྱུར་ཡོད། །
དབྱངས་ངག་རིག་སྒྱུ་མའི་གཙང་པོ་བརྒལ་ཏེ། །
ནང་རུ་སྡེ་ཡིན་ཡང་ཤུལ་ནས་བསྐྱུར་སོང་། །
སྙན་སྒྲ་རྒྱན་ངག་གི་ཤུགས་གླུ་བླངས་ན། །
ཞེ་འཁོར་བའི་ནང་གི་མི་སེམས་སྐྱིད་དོ། །
མ་དབྱངས་ཅན་ཁྱེད་ཉིད་མཁའ་ནས་འཕུར་ཤོག །
བུ་རྒྱང་རིང་ས་མཐའི་གྲོང་ན་ལུས་ཡོད། །
བློ་གཏད་པའི་ཡིད་མཐུན་མཛའ་གྲོགས་ཤིག་ཡོད། །
གཏམ་དཀའ་སྡུག་གླེང་སའི་ནམ་མཁའ་མ་མཐོང་། །
དུས་སྐྱེ་བ་འདི་ཡི་གོང་རོལ་ཞིག་ནས། །
བུ་ང་ཡིས་ཅི་ཞིག་བསམ་མིན་མི་ཤེས། །
དེང་སྙིགས་མའི་ས་མཚམས་འདི་རུ་སླེབས་དུས། །
མ་དབྱངས་ཅན་འཚོལ་མཁན་གྲངས་ལས་འདས་ཀྱང་། །
ཡིད་དད་གུས་ཆེན་པོས་དབྱངས་རྟ་རྩོམ་མཁན། །
ཉིན་སྐར་མ་བཞིན་དུ་ཉུང་བ་མིན་ནམ། །
点赞
收藏