ལས་ཀྱིས་གནང་བའི་ཕ་ཡུལ་རྩྭ་ཐང་ན། །
ཁྱོད་དང་འདྲ་བའི་ཆུང་འདྲིས་ང་ལ་མེད། །
བྲང་སྟོད་གློ་བའི་བར་གྱི་སྙིང་ཆུང་ཡིན། །
ས་ཆེན་གོ་ལའི་སྒང་གི་མཛའ་གྲོགས་ཡིན། །
དགའ་སྐྱོ་འདྲེས་མའི་མི་ཚེའི་ལམ་ཡིག་འདི། །
ཁྱོད་རང་མ་གཏོགས་གཞན་ལ་བསྟན་མྱོང་མེད། །
མངར་སྐྱུར་འདྲེས་བའི་མི་ཚེའི་གཏམ་རྒྱུད་འདི། །
ཁྱོད་རང་མ་གཏོགས་གཞན་ལ་བཤད་མྱོང་མེད། །
འཚོ་བ་རྔུལ་ཆུས་བྲིས་བའི་ལམ་ཡིག་འདི། །
ཁྱོད་དང་མཉམ་དུ་ལས་ཀྱིས་མ་བརྐོས་ཀྱང་། །
སེམས་པ་འཛིན་མེད་རྒོད་ཕོ་གཤོག་ཐོགས་འདི། །
ཁྱོད་རང་གར་ཡོད་ས་ལ་སྡོམ་བཞིན་ཡོད། །
གནམ་ས་མཐའ་དབུས་བྲལ་བའི་འཇིག་རྟེན་ན། །
སེམས་པ་ཁྱོད་ལ་འཁོར་བའི་ལན་ཆགས་འདིའི། །
སྨྲེང་བ་གླུ་ལ་དྲངས་བའི་ཉིན་མཚན་དག །
སེམས་པ་ཁྱོད་ལ་འཁྲེང་བའི་དན་རྟགས་ཡིན། །
点赞
收藏