ཨེ་མ་དེ་རིང་ལྷ་ལམ་ཡངས་པོའི་མཁར། །
ཆུ་འཛིན་རྣམས་ཀྱིས་དགའ་བའི་གར་དུ་རྩེན། །
དབྱར་སྐྱེས་རྔ་ལ་དབྱུ་གུས་བསྣུན་པར་བྱེད། །
ཐོས་འཛིན་ཡུལ་དུ་སྙན་པའི་རང་སྒྲ་གྲགས། །
འཆི་མེད་བུ་མོས་བདུད་རྩི་གྲུ་ཆར་འབེབས། །
ནེའུ་གསིང་སྔོ་ལྗང་གཡུ་ལོ་ཐགས་སུ་བཀྲ། །
གཞུ་རིས་འཇའ་ཚོན་རི་མོ་རྣམ་པར་མཛེས། །
མཐོང་བ་ཙམ་གྱིས་ཡིད་ལ་དགའ་བ་སྟེར། །
མཐོ་ཞིང་བརྗིད་པའི་རི་རབ་ལྷུན་པོའི་ཞོལ། །
རྩྭ་དང་རྩི་ཤིང་འདར་འདར་གཡོ་བའི་གསེང་། །
བག་ཡངས་ངང་གནས་རི་དྭགས་ཤ་བའི་ཚོགས། །
ཕན་ཚུན་སྤྲོ་བའི་གར་གྱི་སྟངས་ཀ་འཛིན། །
མཛེས་པའི་དངོས་པོ་གཅིག་ཏུ་སྤུངས་པའི་དཔལ། །
ཡིད་ལ་གང་དྲན་རེ་བ་རྫོགས་ནུས་ཤིང་། །
བདེ་སྐྱིད་ཕུན་ཚོགས་དཔལ་ལ་འདྲེན་ནུས་པའི། །
དབྱར་གྱི་དུས་ནི་འདོད་དགུ་འཇོ་བའི་ནོར། །
གང་དུ་གནས་ཀྱང་སྐྱིད་ཀྱི་ཚོར་བ་དང་། །
འབོལ་གདན་ལ་སོགས་གཅིག་ཀྱང་མི་དགོས་པར། །
རང་སྣང་གང་དྲན་བསྡད་པས་ཆོག་པ་ཞིག །
དབྱར་གྱི་དུས་ནི་ཅི་འདྲའི་དགའ་བ་ཨང་། །
点赞
收藏