ཞོགས་པར།
ང་རང་ས་སྒང་རིལ་མོ་འདིའི་རྩེ་རུ་འགོས་ཏེ།
ཞོགས་པའི་ཉི་ཟེར་ལ་བལྟས་ནས་ཀི་རིང་ཞིག་བཏབ་རྗེས།
ངའི་བརྩེ་དུང་གང་ན་ཡོད་ཅེས་ཡང་ཡང་བོས་ཀྱང་།
བྱ་བྱིའུ་ཡི་སྐད་སྒྲ་མ་གཏོགས།
ང་ལ་ཅི་ཡང་ལྷག་མི་འདུག
ས་རུབ་ཁར།
ཁུར་མོང་མང་པོ་ཞིག་གིས།
ངའི་མགོ་ཐོག་ནས་ལྡིང་སྐོར་རྒྱག་ཞོར།
རེ་སྒུག་ནི་བླུན་པོའི་བྱ་སྤྱོད་དོ་ཞེས་ཡང་ཡང་བཟློས་སོང་།
ངས། ས་སྲོད་ཀྱི་ནམ་མཁར་བལྟས་ནས།
ཟླ་བ་ཁོ་ན་དྲན།
ནམ་གུང་ལ། ངས།
འདར་སིག་སིག་གི་འབུ་མེ་ལྕེབས་ཤིག་ལ།
ངས་ད་དུང་ཁྱོད་ལ་ཅི་ཡང་བརྗོད་མེད་ཅེས་འགྲེལ་བཤད་བྱས་ཀྱང་།
གྲང་ཤུར་ཤུར་ཀྱི་ལྷགས་རླུང་ལས།
ང་ལ་ཨ་ལན་གནང་མཁན་ཅི་ཡང་མ་བྱུང་།
ཕྱི་ཉིན་ཞོགས་པར།
བསམ་ནག་གི་སྤྲིན་པ་ནག་པོ་ཞིག་གིས།
དབང་སྔོན་གྱི་མིད་པ་བསྡམས་ནས།
ནམ་མཁའི་སྐྱོ་གདུང་གི་མཆི་མ་ས་རུ་ཟགས།
ངས། འདི་ལས་རྒྱང་རིང་བའི་ནམ་མཁའ་ནས།
ཁྱོད་ཀྱི་ངོ་གདོང་ཁོ་ན།
སེམས་ཀྱི་སྤང་ངོས་སུ་ཡང་ཡང་བྲིས།
点赞0
收藏