ལོ་ཟླའི་སྐད་ཅིག་དྲན་རྫོགས་དེ་དག་ཀྱང་། །
འཚོ་བའི་སྙིང་གར་སིམ་པའི་ཞེན་སྣང་ཡིན། །
རེ་དོགས་ཡིད་ལ་རྒྱུ་བའི་གནམ་སའི་ཁྱོན། །
ལས་ཀྱི་སྨོན་པ་རྒྱང་རིང་ཡུལ་དུ་བལྟམས། །
མཛེས་སྡུག་པད་མའི་ཚལ་དུ་ཀུ་མུད་བཞད། །
ཡིད་འོང་ཞལ་གྱི་ཐང་ལ་མདངས་ཆགས་པས། །
སྣང་བའི་ཡོ་ལང་འདི་ཀ་དྲག་ཏུ་ལྡིང་། །
ཚོར་བའི་གཞུང་གི་རྟ་ཁྱུ་གང་སར་ཕྱོགས། །
སེམས་ཉིད་ཡིད་ཡུལ་སྦྲུམ་པའི་ངང་ཚུལ་དེས། །
ལས་ཀྱི་གཙང་པོའི་ཁུད་ན་མཉམ་དུ་འདྲེས། །
འཛུམ་གྱི་ཉི་ཟླའི་དཀྱིལ་འཁོར་རབ་མཛེས་པའི། །
མཐོང་བའི་མཚམས་སྤྲིན་དགུང་གི་སྒྱུ་འཕྲུལ་མ། །
དར་བབས་ལང་ཚོའི་འཛུམ་མའི་འཇོ་སྒེག་ཅན། །
ཁེར་རྐྱང་དྲན་སྣང་ངོས་ཀྱི་ཏིང་འཛིན་དཀྲོགས། །
རྨི་ལམ་མཚོ་ལ་ལྷུང་བའི་མདངས་འཛིན་མ། །
མཚན་མོའི་ཡིད་གཞུང་ངོགས་ཀྱི་ཟླ་འོད་གསལ། །
དྲན་འཛིན་ཚོར་བའི་ཁམས་སུ་འཛུམ་ཁ་གྲོལ། །
བརྩེ་བ་ཤ་རུས་བརླན་པའི་རྒྱུ་རུ་སྒོམ། །
ཞེ་འཛུམ་སེམས་སུ་ལྷུང་བའི་ཡིད་གར་འོང་། །
ལན་ཆགས་རྨི་ལམ་ཁྲོད་དུ་འཇོག་ཚུལ་དེ། །
ཡུན་འདྲིས་བརྗོད་སྙིང་བྲོ་བའི་སྒྲུང་ཞིག་ཡིན། །
点赞
收藏