ང་གཉིས་ཀྱི་རྐང་འོག་ན་ཐང་ཡངས་མོ་ཞིག་ཡོད།
ཐང་དཀྱིལ་དུ་བྱེ་ཟེགས་དང་ཚེར་ཕུང་ལས།
མཚེའུ་དང་ནོར་ལུག་མེད། རྩྭ་ལྗང་དང་མེ་ཏོག་མེད།
ཐང་འདིའི་མིང་ལ་ཟད་པ་མེད་པ་ཞེས་འབོད།
མིང་དེ་ལྟར་ཐོགས་དོན།
ཅང་ཤེས་རྟ་ཕོ་ཞིག་གིས་འཕྲེད་དང་གཞུང་ནས་བཅད་ཀྱང་།
ཟད་པར་མི་འགྱུར་བས་ཡིན་ཟེར།
ང་གཉིས་ཀྱི་བར་ན་རི་བོ་མཐོ་པོ་ཞིག་ཡོད།
རི་བོའི་ངོས་སུ་གཡང་གཟར་དང་རྦབ་རྡོ་ལས།
བྱ་སྐྱིབས་དང་ཡ་གད་མེད། རྐང་ལམ་ཕྲ་མོ་ཞིག་ཀྱང་མེད།
རི་བོ་འདིའི་མིང་ལ་འགྱུར་བ་མེད་པ་ཞེས་འབོད།
མིང་དེ་ལྟར་ཐོགས་དོན།
ཨ་ཇོ་ཉམ་ཆུང་ཞིག་གིས་རི་གཤམ་ནས་སྨོན་ལམ་ཡང་ཡང་བཏབ་ཀྱང་།
གཏོས་ཆེ་བའི་རི་བོར་འགྱུར་བ་གང་ཡང་མེད་པས་ཡིན་ཟེར།
ང་གཉིས་ཀྱི་མགོ་ཐོག་ན་ནམ་མཁའ་སྔོན་པོ་ཞིག་ཡོད།
ནམ་མཁའི་མཐོངས་སུ་རླུང་བུ་དང་སྤྲིན་ནག་ལས།
སྔོ་ཡུག་དང་འཇའ་ཚོན་མེད། ཉི་མ་དང་ཟླ་བ་མེད།
ནམ་མཁའ་འདིའི་མིང་ལ་མཐའ་མེད་པ་ཞེས་འབོད།
མིང་དེ་ལྟར་ཐོགས་དོན།
ཐང་དཀར་རྒོད་པོ་ཞིག་གིས་གཤོག་ཟུང་ཡང་ཡང་བརྡབས་ཀྱང་།
གཟུགས་མེད་གནམ་གྱི་མཐའ་མི་ཆོད་པས་ཡིན་ཟེར།
点赞
收藏