འཚོ་བའི་ལས་འཕྲོ་མིག་གི་མཐའ་རུ་འཛུམ། །
ཞེ་ཡི་སྤྲིན་པ་ཉི་ནུབ་མཚམས་སུ་རྒྱུ། །
བརྩེ་བའི་མེ་ཏོག་ཡིད་གཞུང་ངོགས་སུ་བཞད། །
ཚེ་ཡི་གཏིང་མ་སྙིང་དབུས་ཚལ་དུ་བལྟམས། །
མི་སེམས་རླུང་གི་དར་ལྕོག་རྡེབ་ཙ་ན། །
ཚོར་བའི་ཡིག་འབྲུ་རབ་མེད་གང་དུ་ཕྱིན། །
སུ་ཡིས་ཆེད་དུ་ཟླ་བའི་མིག་ཀོང་བརླན། །
ལས་ཀྱི་སྲིད་པའི་བདེ་འབྱུང་དགའ་བར་འཁྱུད། །
གཞི་མཛེས་ཡིད་འོང་ཚལ་གྱི་སྙིང་དུ་སྡུག །
སྙན་ཚིག་མེ་ཏོག་བཏབ་པའི་མདངས་དེ་མཛེས། །
འཛུམ་དྲུག་པད་མའི་དཀྱིལ་འཁོར་བརྒྱན་གྱིས་སྤུད། །
འགྱུར་མེད་གཡུང་དྲུང་རི་མོའི་གཟུགས་སུ་ཕབ། །
སྣང་ཚོར་དབྱངས་སུ་བཏེགས་པའི་ཚོར་བའི་ཁམས། །
དབྱངས་ཀྱི་སྙན་པ་སིལ་སིལ་བརྡ་གླུ་དྲངས། །
རིག་བྱེད་ངག་གི་རྒྱུད་མངས་ལྷག་པར་སྙན། །
ཡིད་འོང་ཀུ་མུད་འདབ་བརྒྱ་ལྷུག་པར་གྲོལ། །
མཛེས་པ་ཀུན་ཏུ་བསྡུས་པའི་སྒྱུ་འཕྲུལ་མཛེས། །
ཡིད་འཛིན་དྭངས་གསལ་ངོས་སུ་འདང་ཆགས་པའི། །
སྐྱེ་བ་བརྒྱ་ཕྲག་སེམས་ཉིད་ཁམས་སུ་བཀླུབས། །
རྫོགས་མེད་ལས་འཕྲོ་རྨི་ལམ་ཚལ་དུ་བྲིས། །
点赞
收藏