ཉིན་མོའི་དཀར་ངོགས་སུ་ཁྱེད་རང་ཡི་གེར་བྲིས།
མཚན་མོའི་ནག་ངོགས་སུ་ཁྱེད་རང་སེམས་པར་བསྙལ།
ཁྱེད་རང་འཚོལ་བའི་སྙན་ངག་འབྲི་གྱིན་འབྲི་གྱིན།
ཨུ་ཚུགས་མིན་པའི་གདུང་སེམས་འདི་ངོ་མ་སྨྱོ་འདུག
མཚམས་མཚམས་ལ།
ཁྱེད་རང་ཞོགས་པའི་སྨུག་ཀློང་གི་ཁྲོད་ནས།
སྤྲིན་པ་དང་མཉམ་དུ་མཁའ་ལ་གཤེགས་པ་མཐོང་།
ཕ་མས་སྤྲད་པའི་མགོ་བོ་རུས་འཐོར་དུ་མ་སོང་བར།
ནམ་མཁའ་རྟག་ཏུ་མགོ་སྟེང་ན་ཡོད་ཀྱང་སྤྲིན་པ་དེ་དག་གང་ལ་ཆས་སོང་།
སྐབས་སྐབས་སུ།
ཁྱེད་རང་མཚན་མོའི་གློག་སྒྲོན་གྱི་འོག་ནས།
དུ་བ་དང་མཉམ་དུ་མུན་ལ་ལྕེབས་པ་ཚོར།
ཕ་མས་སྤྲད་པའི་མིག་ཟུང་མུན་འཐོམ་དུ་མ་འགྲོ་བར།
མཚན་མོ་རྟག་ཏུ་ཉེ་འགྲམ་ན་ཡོད་ཀྱང་དུ་བ་དེ་དག་གང་དུ་འཁྱེར་སོང་།
ཁྱེད་རང་།
ཉིན་མོའི་སྐར་ཆ་གཅིག་ཀྱང་ལྟོ་གོས་ཀྱི་ཆེད་དུ་ཉེར་དགུའི་འཁྱམས་ཁྱི་ལྟར་བྲེལ་ཞིང་།
མཚན་མོའི་སྟོང་ཆ་ཙམ་ཡང་སྐྱ་ཡ་ཡི་དོན་དུ་མཚོ་མོའི་ཉ་ཆུ་ལྟར་འདྲེས་པས།
སེམས་པའི་ཁ་ཕྱོགས་བོར་བའི་ང་ཡི་ཉིན་མཚན་ལ་དབྱེ་བ་མེད།
འཁོར་བའི་སྙིང་པོ་བརླག་པའི་ང་ཡི་མི་ཚེ་ལ་དོན་སྙིང་མེད།
ནམ་ཡང་།
གསོན་པའི་རེ་བ་ཡོད་ཚད་སྙན་ངག་ལ་བཅོལ་གྱིན།
འཚོ་བའི་ཁུར་པོ་ཡོད་ཚད་སྙན་ངག་ལ་བཀལ་བས།
སྤུངས་པའི་སེམས་གཏམ་ཡོད་ཚད་སྙན་ངག་ལ་བཤད་པས།
ངའི་སྙན་ངག་གི་འཇིག་རྟེན་དེ་ཡང་ཡིད་ཐང་ཆད་ལ་ཉེ་འདུག
点赞
收藏