གནམ་སྔོན་པོ་མཐའ་མེད་གཏིང་མེད་རེད། །
སྤྲིན་དཀར་པོ་བང་རིམ་དགུ་བརྩེགས་ཅན། །
སྟོད་ནམ་འཕངས་བཅད་དེ་གང་ལ་འཕུར། །
སྤྲིན་བང་རིམ་བརྟོལ་ནས་གང་ལ་འགྲོ། །
ས་ཆེན་པོ་ཁ་ཞེང་བཅོ་བརྒྱད་ཅན། །
སྡེ་ཆེ་ཆུང་སྐར་ཚོགས་ཤར་འདྲ་རེད། །
ནང་ཕུ་ནུ་གསེར་གྱི་དཔུང་ཡ་ལ། །
འདང་འོ་ཆུ་བསྐྱུར་ནས་ཅི་ཞིག་སྙེགས། །
ཆུང་བྱིས་པའི་ནམ་མཁའ་འདི་ན་ཡོད། །
བློ་དྭངས་གཙང་སྤྲིན་དཀར་རྒྱུ་ཞིང་གཡོ། །
དབྱངས་གསལ་བྱེད་སུམ་ཅུ་གར་ལ་རྩེན། །
འདི་བཞག་ནས་རྒྱང་རིང་གང་ལ་འགྲོ། །
མི་རྒས་ན་འཁོར་ས་ཕ་ཡུལ་ཡིན། །
གཞོན་སྐྱོ་དུས་དྲན་ས་ཕ་ཡུལ་ཡིན། །
དྲོད་ལམ་ལམ་ཕ་ཡུལ་སློག་འདྲ་དེ། །
གྱོན་ཙ་ན་ལུས་སེམས་གྲང་བ་མེད། །
སེམས་རྒྱང་ལ་ཕྱོགས་པའི་སྔ་རོལ་ནས། །
ས་འདི་ལ་ཞེན་ཆགས་རབ་ཏུ་མངའ། །
སྡེ་སྐར་ཚོགས་ཤར་བའི་ནར་རོལ་གྱི། །
དྲིན་ཕ་མའི་ངོ་གདོང་ཞེ་ལ་ཐོགས། །
ཕར་སོང་ན་ཨ་ཁུའི་ཞལ་གདམས་ཡོད། །
ཚུར་འོང་ན་ཕུ་ནུའི་འཛུམ་ཁ་དགོད། །
ས་གང་དུ་སོང་ཡང་སེམས་ལ་འཁྱིལ། །
ཡིད་གངས་དཀར་དབུས་ན་བརྗེད་མེད་རེད། །
ལས་སྐྱིད་སྡུག་ཆུ་ཡི་གཉེར་མ་ལ། །
འདང་བརྩེ་བའི་རི་མོ་རང་འཁྱིལ་རེད། །
བརྗེད་མི་ཐུབ་དྲན་པའི་མེ་ཏོག་གི །
མགོ་བཞད་ཁ་ཕྱེ་ས་རང་ཡུལ་རེད། །
ཁ་ཕྱིར་འཁོར་སྡེ་ལ་ལྟ་དུས་ན། །
ནོར་རི་ལ་བཀྲམ་པས་འབྲོག་མོ་ཡག །
ལུག་ལྷས་ལ་འཁོར་བས་གཡང་རྫི་སྐྱིད། །
སྒོ་ཕྱྭ་གཡང་འཁོར་བའི་གཡང་ཁྱིམ་སྐྱིད། །
རྒོད་ནམ་འཕངས་ཇི་ལྟར་བཅད་ན་ཡང་། །
བྲག་ཐེམ་པ་ཐ་མའི་འབབ་སྟེགས་ཡིན། །
མི་ས་མཐར་ཇི་ལྟར་སོང་ན་ཡང་། །
ཁྱིམ་དྲོད་མོ་དྲན་པའི་གཞི་མ་ཡིན། །
点赞
收藏