འོད་ལ་འོད་ཀྱིས་མཛེས་པའི། །
ཤེས་རིག་དཀར་པོའི་འོད་མདངས། །
འོད་དེ་སེམས་ལ་གསལ་མཁན། །
བརྩེ་ལྡན་དགེ་རྒན་བཟང་པོ། །
ལམ་ལ་ལམ་གྱིས་མཛེས་པའི། །
མ་འོངས་མི་ཚེའི་ལམ་བུར། །
སློབ་གསོའི་བྱས་རྗེས་འཇོག་མཁན། །
བརྩེ་ལྡན་དགེ་རྒན་དམ་པ། །
ཤེས་ལ་ཤེས་བྱས་ཕྱུག་པའི། །
ཤེས་བྱའི་འཇིག་རྟེན་གནས་ལུགས། །
ཕངས་མེད་བུ་ལ་བསྩལ་མཁན། །
དྲིན་ཅན་དགེ་རྒན་བཟང་པོ། །
བྱམས་བརྩེའི་སློབ་གསོ་གནང་བཞིན། །
ལུས་སེམས་ངལ་བས་དུབ་ཀྱང་། །
བུ་ཕྲུག་མདུན་ལམ་ཆེད་དུ། །
ཉིན་མཚན་བྲེལ་བས་ཁེངས་སོང་། །
བདག་བློའི་རྨོངས་གཉིད་འཇོམས་པའི། །
བརྩེ་ལྡན་དགེ་རྒན་བཟང་པོ། །
ཁྱེད་ནི་མུན་སེལ་སྒྲོན་མེ། །
ཤེས་རིག་མུན་པ་སེལ་སོང་། །
ཁྱེད་ཀྱི་བཀའ་དྲིན་ཟེར་བ། །
ཚེ་འདིར་གཞལ་བར་དཀའ་ཡང་། །
དགེ་རྒན་བཟང་པོའི་བཀའ་དྲིན། །
སེམས་ཀྱི་གཏིང་ནས་མ་བརྗེད། །
点赞
收藏