首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > རྩོམ་རིག

༄༅། ། བཤེས་གཉེན་ལ་བསྟོད་པའི་སྙན་དབྱངས། ཨ་བ་ཟླ་དོན་གྱིས།

2024-09-12 11:48:09

作者

评论
0

སྟོན་ཟླར་གཏུགས་པའི་ནམ་ཟླ་རིང་མོ། གཞན་གསོས་ཕོ་ཉའི་སྙན་པའི་གྲེ་འགྱུར་ལས། ཡིད་འོངས་དྭངས་གཙང་གི་ནམ་མཁའ་སྔོ་ཞིང་དྭངས་ལ། མཁའ་དབྱིངས་སྤྲིན་དཀར་གྱིས་མཛེས་པ་མ་ལུས་མདུན་དུ་སྤུངས། ཚ་ཟེར་ཉིན་བྱེད་ཀྱི་འོད་སྣང་འབུམ་དུ་བཀྱེ་ལ། སྟོན་རླུང་བསེར་བུས་ལོ་ལེགས་སྙེ་མའི་མགོ་ལྕོག་དལ་བུར་གཡོ་ཞིང་། མཛེས་སྡུག་ཡིད་དབང་འཕྲོག་པའི་འབྲས་ལྡན་སྟོན་གྱི་ཉམས་སྣང་ལ་དེ་བས་མགུལ་རྒྱན་ཐོལ་པ་ཞིག་སྒྲོན།

ངོ་མཚར་ཆེ་ལ་མཛེས་སྡུག་ལྡན་པའི་རྫོགས་ལྡན་གྱི་དུས་བཟང་འདིར། དགའ་སྤྲོ་ཆེ་ལ་སྤོབས་སེམས་ཀྱི་རེ་བས་གཏམས་པའི་བཀྲ་ཤིས་འདོད་རྒུའི་དཔལ་ཡོན་ལོངས་སུ་སྤྱོད་ཅིང་། ལོ་ལེགས་འབྲས་བུའི་ཁུར་གྱིས་དགའ་བ་འབུམ་དུ་མྱོས། ཡོད་ཚད་ལ་བསམ་གཞིགས་དང་ཡོད་ཚད་ལ་རེ་བས་ཁེངས་བཞིན། དྭངས་གཙང་ཡིད་འོང་གི་ནམ་ཟླ། འབྲས་བུས་ཡོངས་སུ་ཕྱུག་པའི་དུས་མཚམས་འདིར་བཀའ་དྲིན་བཟང་པོ་ལྷག་ཏུ་ཆེ་བའི་གནམ་འོག་གི་དགེ་བའི་བཤེས་གཉེན་རྣམ་པའི་ལོ་གཅིག་དུས་གཅིག་གི་དུས་ཆེན་ཤར་སོང་། ང་ཚོས་དཀར་གཙང་གི་མཇལ་དར་དང་ལྷག་བསམ་དག་པའི་སྨོན་འདུན་བཟང་པོས་སྔུན་བསུས་ཏེ་བྱིས་པ་དྲིན་དུ་ཚོར་བ་དང་། བཀའ་དྲིན་བསམ་ཤེས་ཐུབ་པ། ཆུ་འཐུང་དུས་ཁྲོན་པ་འདྲུ་མཁན་མི་བརྗེད་པ། གསེར་ས་ལ་སྦས་ཀྱང་འོད་ནམ་མཁའ་དང་། གཡུ་བྲག་ལ་བཏགས་ཀྱང་འོད་ཆུ་ལ་ཁྱབ་ཅེས་པའི་འཇིག་རྟེན་གཏམ་དཔེ་བཞིན་ཁོང་ཚོས་དཀའ་ངལ་དུ་མ་ཁྱད་བསད་དང་། འབད་འབུངས་ཡར་བརྩོན་གྱིས་ལྷག་བསམ་དཀར་བའི་ཐུགས་གཤིས་བཟང་པོ་ཞིག་གིས་ཀུན་ནས་བསླངས་ཏེ། ལོ་ཟླའི་བང་རིམ་ཁྲོད་དཀའ་ཚེགས་ཀྱི་རྔུལ་ཆུ་རྡོག་པས་བརྫིས་ལ། ལྷག་བསམ་དཀར་བའི་གཞན་ཕན་གྱི་འོད་ཟེར་རྒྱང་དུ་འགྱེད། ཁོང་ཚོས་ཡོད་ཚད་ལ་བསམ་གཞིགས་དང་ཡོད་ཚད་སྒེར་སེམས་མེད་པར་སྐྱེས་སུ་ཕུལ་བའི་བླ་མེད་ཀྱི་སྙིང་སྟོབས་ནི་ལྷུན་བརྗིད་རི་བོའི་རྩེ་མོར་གནས་ཤིང་དཀར་མདངས་རྣམ་པར་བཀྲ་བའི་ཁ་བའི་འདབ་མ་རེ་རེ་དང་ལོས་མཚུངས།

ཇི་སྐད་དུ། གཙང་མཁས་གཞན་ཕན་གྱི་གཟི་བརྗིད་མཚན་སྙན་དང་། དགེ་རྒན་ནི་མིའི་རིགས་ཀྱི་བླ་སྲོག་བསྐྲུན་མཁན་གྱི་དབུ་ཆེ་མོ་བ། དགེ་རྒན་ནི་འཇིག་རྟེན་འདིའི་ཐོག་བུ་ཕྲུག་གི་ཕ་མ་གཉིས་པར་གྲགས་པ་སོགས་བླ་མེད་གཟི་བརྗིད་ཀྱི་མཚན་སྙན་བཟང་པོ་གང་སར་ཁྱབ། ལྷག་བསམ་དཀར་བའི་དད་འདུན་དང་། འགྱུར་མེད་ཀྱི་བརྩེ་བ་བཟང་མོས་རབ་ཏུ་བརྒྱན་ཏེ་བསམ་མེད་ནུས་མེད་ཀྱི་བྱིས་པ་དག་བ་གླང་མི་འཁྱུར་ཆུག་པ་དང་། མི་མཉམ་མཉམ་པར་འཇུག  མཉམ་པ་ཐམས་ཅད་ཀྱི་གོང་ཕུད་དུ་བཀུར་བ་ནི་དགེ་བའི་བཤེས་གཉེན་ཁྱེད་རྣམ་པའི་སྐུ་ལས་ཀྱི་རྔུལ་ཆུ་དང་ཁ་བྲལ་ཐབས་མེད་ལ། ཡང་སྒོས་བྱམས་བརྩེའི་སློབ་སྟོན་བཟང་པོ་དུས་ཐོག་ཆར་པའི་རྒྱུན་བཟང་ལས་སྤྱོད་ཡོན་གཉིས་ལྡན་གྱི་མྱུ་གུ་གང་མང་གསར་དུ་འབུས་ལ། བློ་གྲོས་ཡངས་པའི་དཀྱིལ་འཁོར་གྱི་འདབ་བརྒྱ་ལྷུག་པོར་གྲོལ། 

ཁྱེད་ཚོས་བཅོས་མིན་གྱི་ལྷག་བསམ་དྭངས་མ་ཞིག་དང་། ཡང་དག་པའི་ཀུན་སློང་གཙང་མ་ཞིག་གིས་ཀུན་ནས་བསླངས་ཏེ་དཔེ་ཁྲིད་མི་སྐྱོང་གི་གལ་ཆེའི་ལས་འགན་ལྟེ་བར་འཛིན་ནས་ཉིན་ཞག་ལོ་བསྟུད་ཀྱིས་འབད་པའི་ཁུར་ཆེན་དང་དུ་བླངས་ཏེ་ཕྱོགས་ལྷུང་མེད་པའི་རང་གཤིས་དང་སྒེར་སེམས་མེད་པའི་བརྟུལ་ཞུགས་བཟང་པོས་རྣམ་དཀར་དགེ་བའི་བཞེས་དོན་ལྷུན་གྱིས་གྲུབ་པ་དང་ལྷག་བསམ་དག་པའི་མཛད་འཕྲིན་བཟང་པོ་ཡར་ངོའི་ཟླ་བཞིན་གོང་ནས་གོང་དུ་འཕེལ་ལ། ས་ཕྱོགས་གང་སར་ཞུགས་པའི་ཁྱེད་ཀྱི་དད་འདུན་གཙང་མ་དང་། ལས་དབང་གཅིག་པའི་དོན་གཉེར་བ་ཡོངས་ནས་ཁྱེད་ཉིད་སྐུ་གཟུགས་གསལ་ཐང་དང་བྱ་བ་ལམ་འགྲོ། མཛད་འཕྲིན་ཡར་འཕེལ། གང་བསམ་ལས་ལ་རེ་བའི་འབྲས་བཟང་སྨིན་པའི་བཀྲ་ཤིས་སྨོན་འདུན་ཞུ་བཞིན་ཡོད།


点赞

收藏

评论
已输入0
全部评论
加载更多评论