首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > གསར་འགྱུར་གནད་བསྡུས།

གཞིས་ཀ་རྩེའི་སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་ཕྱིན་པ།

2024-07-25 21:46:30

作者

评论
0

ཉེ་བའི་ལོ་ཤས་རིང་། གཞིས་ཀ་རྩེ་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་སློབ་གསོ་འཕེལ་རྒྱས་གཏོང་རྒྱུ་དེ་གྲོང་ཁྱེར་དར་རྒྱས་གཏོང་བའི་རྨང་གཞི་དང་སྟོབས་ཆེའི་གྲོང་ཁྱེར་གཏོད་པར་རྩ་བ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གནས་བབ་ཐོག་བཞག་ནས་བྱ་ཐབས་སྣ་ཚོགས་མཉམ་སྤྱོད་བྱས་ཡོད་པས། གྲོང་ཁྱེར་ཡོངས་ཀྱི་དེང་རབས་སློབ་གསོའི་མ་ལག་ཉིན་བཞིན་འཐུས་ཚང་དུ་ཕྱིན་པ་དང་སློབ་གཉེར་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ། སློབ་གཉེར་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། སློབ་གཉེར་རིམ་པ་དང་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་བཅས་བྱུང་ཡོད།

བོད་རྙིང་པར་མངའ་བདག་ཆེན་པོ་གསུམ་གྱི་བུ་ཕྲུག་ཁོ་ནར་གཞི་ནས་སློབ་གསོ་ཐོབ་པའི་དབང་ཆ་ཡོད། བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་ཏང་ཀྲུང་དབྱང་གིས་བོད་དུ་དེང་རབས་ཀྱི་སློབ་གྲྭ་གཉེར་ནས་ཚན་རིག་ལག་རྩལ་ཁྱབ་གདལ་ཤུགས་ཆེན་བཏང་ཡོད་པས། ད་ཆ་བོད་ཀྱི་སློབ་མ་ཚོས་དེ་བས་ལེགས་པ་དང་དེ་བས་དྲང་སྙོམས་ཀྱི་སློབ་གསོའི་ཁོར་ཡུག་ལོངས་སྤྱོད་བྱེད་བཞིན་ཡོད། 

༡༩༨༥ལོ་ནས་བཟུང་བོད་ཀྱི་ཞིང་འབྲོག་པའི་བུ་ཕྲུག་ལ་རིན་མི་དགོས་པར་འོས་འགན་སློབ་གསོ་དང་ལེན་བྱེད་པའི་རྨང་གཞིའི་ཐོག་འགན་ལེན་གསུམ་གྱི་སྲིད་ཇུས་ལག་ལེན་བསྟར་བ་མ་ཟད་ཁ་གསབ་རོགས་དངུལ་རྒྱུན་ཆད་མེད་པར་མང་དུ་བཏང་ལ་ལོངས་སྤྱོད་ཁྱབ་ཁོངས་ཀྱང་རྒྱ་ཆེར་བཏང་ཡོད།

འགན་ལེན་གསུམ་གྱི་སྲིད་ཇུས་དང་རྩ་ཆག་གཉིས་དང་ཁ་གསབ་གཅིག  འཚོ་བཅུད་འཆར་གཞི། སློབ་ཞུགས་རོགས་དངུལ་སོགས་ཡོད་པས་ད་ལྟའི་བྱིས་པ་ནི་ཆེས་བདེ་སྐྱིད་ལྡན་པའི་མི་རབས་ཤིག་རེད།      

རྒྱལ་རྩེ་རྫོང་ལྕང་ར་ཤང་དཔལ་འབྱོར་ལྷུན་པོ་གྲོང་ཚོར་ཆེས་མཛེས་ཤོས་ཀྱི་སྐྲུན་དངོས་ནི་བུ་བཅོལ་ཁང་ཡིན་ཞིང་དེ་ནི་གྲོང་ཚོའི་མཚོན་རྟགས་རང་བཞིན་གྱི་སྐྲུན་དངོས་ཤིག་རེད། ད་ཆ་ལྕང་ར་ཤང་སློབ་ཆུང་དུ་སློབ་མ་༧༨༧དང་འཛིན་གྲྭ་༡༧ དགེ་རྒན་༤༦བཅས་ཡོད་པ་དང་། གྲོང་ཚོའི་བུ་བཅོལ་ཁང་དུ་འཛིན་གྲྭ་ཆེ་འབྲིང་ཆུང་གསུམ་བཙུགས་ཡོད་ཅིང་། དགེ་རྒན་གྱི་གསོ་སྐྱོང་ཞིབ་ཚགས་འོག་ཁོང་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་བཞིན་ཡོད།

སློབ་གྲྭ་འབྲིང་ཆུང་གི་སློབ་མའི་གཟུགས་གཞི་ཡག་ཏུ་གཏོང་ཆེད། སློབ་གྲྭས་སློབ་མའི་ལུས་རྩལ་སྦྱོང་བརྡར་ལ་མཐོང་ཆེན་བྱེད་པ་མ་ཟད། ད་དུང་སློབ་མའི་བཟའ་བཏུང་འཚོ་བཅུད་ཐད་མཐོང་ཆེན་བྱས་ནས་སློབ་གསོའི་འཚོ་བཅུད་འཆར་གཞི་ལག་ལེན་བསྟར་གྱི་ཡོད། རྒྱལ་ཁབ་ཀྱིས་གཞོན་ནུ་ལོ་ཆུང་གི་གཟུགས་པོ་བདེ་ཐང་ལ་མཐོང་ཧ་ཅང་ཆེན་པོ་བྱེད་པ་དང་འཚོ་བཅུད་ལྡན་པའི་བཟའ་བཅའ་བཀོད་སྒྲིག་བྱས་ཡོད་པས་ཁྱིམ་བདག་གི་ངོས་ནས་བརྗོད་ན་བློ་བདེ་པོ་འདུག་ཅེས་གྲོང་མི་ཚོས་གཅིག་རྗེས་གཉིས་མཐུད་ངང་བཤད་ཡོད་པ་རེད།

དཔལ་འབྱོར་ལྷུན་པོ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི། ཟླ་བ་ཆོས་འཕེལ་གྱིས། འགན་ལེན་གསུམ་སོགས་དམངས་ཕན་སྲིད་ཇུས་ཡོད་ཙང་གྲོང་ཚོ་དེ་ཡོངས་ཀྱི་སློབ་གྲྭར་ཞུགས་ཚད་མཐོ་རུ་ཕྱིན་པ་དང་ཁྱིམ་བདག་ཚོས་ཀྱང་སློབ་གསོ་ལ་མཐོང་ཧ་ཅང་ཆེན་པོ་བྱས་ནས་ཕྲུ་གུ་ཚོར་སློབ་ཆེན་དུ་རྒྱུགས་འཕྲོད་པའི་གོ་སྐབས་བྱུང་བ་དེའང་ང་ཚོའི་གྲོང་ཚོའི་གཟི་བརྗིད་ཅིག་ཡིན་ཞེས་བརྗོད་པ་རེད། 

ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་ཀྱིས་བོད་ལ་དམིགས་བསལ་ཐུགས་འཁུར་དང་རོགས་སྐྱོར་གནང་བའི་འོག་དཔལ་འབྱོར་ལྷུན་པོ་གྲོང་ཚོའི་སློབ་ཆེན་ཐོན་པའི་སློབ་མ་ཚང་མ་ལས་ཞུགས་ཐུབ་ནས་རང་སོ་སོའི་ལས་རིགས་ནང་འདོན་འོས་པའི་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད་པ་རེད།

འདི་ལོ་ལོ་༢༢ལ་སླེབས་པའི་མིག་སྒྲོན་ནི་ཕན་པ་ཐོབ་པའི་ཕྲུ་གུ་ཁྲི་སྟོང་མང་པོའི་གྲས་ཤིག་ཡིན་ཞིང་། ཁོ་མོ་སྐྱེ་ས་དཔལ་འབྱོར་ལྷུན་པོ་གྲོང་ཚོ་ཡིན་པ་དང་བོད་ལྗོངས་སློབ་ཆེན་ནོར་དཔལ་སློབ་གླིང་ནས་ཐོན་ནས་ན་ནིང་ལྕང་ར་ཤང་གི་ཚན་རྩལ་ཆེད་བསྐོས་ལས་མིར་རྒྱུགས་འཕྲོད་པ་རེད།

ལྕང་ར་ཤང་གི་ཚན་རྩལ་ཆེད་བསྐོས་ལས་མི་མིག་སྒྲོན་གྱིས། སློབ་གྲྭ་ཆེ་མོ་ཐོན་རྗེས་ཚན་རྩལ་ཆེད་བསྐོས་ལས་མིར་རྒྱུགས་ལོན་བྱུང་། ངས་རྒྱལ་ཁབ་ཀྱི་གཟིགས་སྐྱོང་སྲིད་ཇུས་ཁག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ་ངའི་ནང་མི་རྣམས་ལ་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་ཆ་ཏང་གི་སྲིད་ཇུས་ཡག་པོ་དེ་འདྲ་ཡོད་ཙང་ངས་འབད་བརྩོན་ལྷོད་མེད་བྱས་ནས་ཕ་ཡུལ་འཛུགས་སྐྲུན་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བརྗོད་པ་རེད།

བོད་ཀྱིས་གྲོང་གསེབ་ཀྱི་སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་གལ་ཆེའི་ནང་གི་འགངས་ཆེར་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་ཞིང་འབྲོག་ཁུལ་གྱི་སློབ་གྲྭའི་སློབ་གཉེར་ཆ་རྐྱེན་ཁྱོན་ཡོངས་ནས་ལེགས་སུ་བཏང་བ་དང་། ཞིང་འབྲོག་ཁུལ་གྱི་སློབ་གྲྭའི་བདེ་འཇགས་འཐུང་ཆུའི་ལས་གྲྭ་དང་ས་བབ་མཐོ་ཞིང་གྲང་ངར་ཆེ་བའི་ས་ཁུལ་གྱི་སློབ་གྲྭའི་དྲོད་རླངས་མཁོ་འདོན་ལས་གྲྭ་ལག་ལེན་བསྟར་བ་དང་ཆབས་ཅིག  ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད། བོད་ཀྱི་སློབ་གསོའི་ཇོ་མོ་གླང་མའི་ཆུ་འཛིན་ཞེས་པའི་ལས་སྟེགས་ཤིག་བསྐྲུན་ནས་སློབ་གསོའི་འོད་སྐུད་དྲ་བ་ཁྱོན་ཡོངས་ལ་ཁྱབ་པ་དང་སློབ་གྲྭ་འབྲིང་ཆུང་ལ་༡༠༠Mཡི་གཤོང་ཆེའི་དྲ་བ་སློབ་གྲྭར་ཁྱབ་ཚད་བརྒྱ་ཆ་བརྒྱ་ཟིན་ཡོད་པ་དེས། སློབ་གྲྭ་ཡོངས་ཀྱི་དགེ་སློབ་རྣམས་ཕྱིར་བསྐྱོད་མི་དགོས་པར་རྒྱལ་ཡོངས་ཀྱི་ཕུལ་བྱུང་སློབ་གསོའི་ཐོན་ཁུངས་ལོངས་སུ་སྤྱོད་ཐུབ་ནས་ས་ཁོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་སློབ་གྲྭའི་དབར་གྱི་སློབ་གསོའི་ཧེ་བག་ཆུང་དུ་ནུས་ལྡན་ཕྱིན་ཡོད།     

ལྕང་ར་ཤང་སློབ་ཆུང་གི་སློབ་སྤྱི་སྤེན་དབང་གིས། བོད་ཀྱི་སློབ་གསོ་དང་ལྷག་པར་དུ་ཞིང་འབྲོག་མང་ཚོགས་ཀྱི་བུ་ཕྲུག་གི་སློབ་གསོ་ནི་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་ལེགས་གྲུབ་བྱུང་བའི་དཔང་རྟགས་ནུས་ལྡན་ཞིག་རེད་ཅེས་བརྗོད་ན་ཆོག    དེའི་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཁོ་ནའི་འོག་མི་རིགས་ཁག་གི་མི་དམངས་ལ་གཞི་ནས་སློབ་གསོའི་ཁེ་དབང་ལོངས་སྤྱོད་ཐུབ་པ་གསལ་བཤད་གང་ལེགས་བྱུང་ཡོད་ཅེས་གསུང་པ་རེད།    (ཚེ་དབྱངས་ཀྱིས་བསྒྱུར་)


点赞0

收藏

评论
已输入0
全部评论
加载更多评论
热点推荐