དཔྱིད་གསུམ་པད་ཁའི་མེ་ཏོག་བརླན་དང་ཆར་གྱིས་གསོས། །
དབྱར་གསུམ་ལོ་ལེགས་མེ་ཏོག་སྐྱི་བསེར་རླུང་གིས་གཡོས། །
སྟོན་གསུམ་འབྲས་བཟང་དགའ་སྟོན་བདེ་སྐྱིད་དཔལ་དང་མཉམ། །
དགུན་གསུམ་ཁ་བའི་མེ་ཏོག་ཞིང་གི་རྒྱན་དུ་བཞད། །
མཐོང་གཤོལ་ཤེད་ཀྱིས་འདྲུད་པའི་མཛོ་དྲེལ་རྟ་ཕོ་དྲན། །
རྗེས་སུ་ནན་གྱིས་འཇུག་པའི་སྤོ་བོ་ལགས་ཀྱང་དྲན། །
ཞིང་ལ་དྲས་ཤལ་བརྒྱབ་ཀྱང་ཤལ་བ་ཙོག་པ་དྲན། །
དྲེལ་རྒན་དངངས་མ་འཚུབ་ཀྱིས་ང་རང་ལྷུང་བ་དྲན། །
སྤོ་བོའི་ཕྱག་ཟུང་འཁོར་ལོས་ས་བོན་གཏོར་བ་དྲན། །
ངས་ཀྱང་ལད་མོའི་ཚུལ་གྱིས་ཅུང་ཟད་བརླགས་པ་དྲན། །
ཁྱིམ་མིའི་དགོད་སྒྲ་ལྷང་ལྷང་ལས་ཀར་འཇུག་པ་དྲན། །
དེ་དུས་སྣང་ཚུལ་དེ་དྲན་སེམས་པ་སྐྱོ་བས་ཁེངས། །
འབྲི་ལྔའི་ལོ་ལེགས་སྨིན་པས་འཛུམ་པའི་པད་མོ་བཞད། །
ངལ་བའི་རྔུལ་ཆུ་འཐོར་ཡང་སྟོན་བསྡུའི་ལས་ལ་བྲེལ། །
བདག་གི་ཁྱིམ་མི་རྣམས་ཀྱང་སྤྲོ་བའི་སེམས་གཏོས་ཏེ། །
ཟོར་བའི་ཡུ་ལ་འཇུས་ནས་ཞིང་གི་དཀྱིལ་དུ་འཐིམ། །
ངས་ནི་ཡུངས་དཀར་ཁོ་ན་ཟོར་བས་བྲེག་ཙམ་བྱས། །
ནས་ནི་འབྲེག་ཏུ་མི་རུང་ཞེས་སུ་ཁྱིམ་མིས་བཀག །
ངས་ཀྱང་སྙེ་མར་སྐྲག་པའི་ཟོལ་གྱིས་ནས་ཞིང་བསྐྱུར། །
མདོར་ན་རྩེད་མོའི་རླབས་ཀྱི་རྒྱུན་དང་ལྷན་དུ་རྒྱུ། །
点赞
收藏