སྤྲིན་པ་ཡུག་གཅིག་ཀྱང་མེད་པའི་དོ་དགོང་།
སྔོ་བསངས་ཀྱི་ནམ་མཁར།
དཀར་གསལ་གྱི་ཟླ་བ་དེ།
བསིལ་འཇམ་གྱི་རླུང་བུ་དང་བསྡེབས་ནས།
ངའི་ཤག་ཆུང་གི་ནང་དུ་འཁོར་བྱུང་།
དོ་དགོང་སྟེ།
དབྱར་ཟླ་དྲུག་པའི་ཚེས་པ་བཅུ་བཞིར།
རྒྱུ་སྐར་རེ་གཉིས་ཙམ་ལས་མཐོང་རྒྱུ་མེད་ཀྱང་།
སྨག་ནག་གི་ཀློང་དུ།
ཁྱོད་ཀྱི་འོད་སྣང་འདི་ཅི་འདྲའི་དྭངས་ཆ་ལྡན་ལ།
ཡིད་དབང་འཕྲོག་པ་ཞིག་ཏུ་གྱུར་འདུག་ཨང་།
དོ་དགོང་མཁའ་དབྱིངས་སུ་འཚེར་བའི་ཟླ་འོད་ཀྱིས།
མཛེས་སྡུག་གི་རྣམ་པ་ཡོངས་སུ་ཕྱུང་ནས།
ཐ་མའི་སྐྱེལ་ཆང་ཞིག
ངའི་སྔུན་ན་ཡང་ཡང་དུ་འབུལ་གྱིན་ཡོད་པ་འདྲ།
སིབ་སིབ་ཏུ་ལྡང་བའི་དྲོད་འཇམ་གྱི་རླུང་བུ་དེས་ཀྱང་།
མེ་ཏོག་གི་དྲི་བསུང་སྦར་མོ་གང་ཁྱེར་ནས།
ཡུན་རིང་དུ་འགྲོགས་པའི་ཁོ་བོ་ལ།
ཆེས་མཐའ་མའི་གྱེས་བྲལ་གྱི་འཐམ་འཁྱུད་བྱེད།
དེ་བས་ང་རང་གཉིད་ཉལ་མ་འདོད་པར།
ངས་དྭངས་གསལ་གྱི་མཁའ་ལམ་ཡངས་པོ་དེར།
ཁྱོད་རང་དལ་གྱིས་བཞུད་པར་ཕེབས་སྐྱེལ་ཞུས།
ངས་དྲོད་འཇམ་གྱི་རླུང་བུ་དེར།
ཆེས་མཐའ་མའི་ལག་འཇུ་དམ་པོ་ཞིག་བྱེད་འདོད་བྱུང་།
点赞
收藏